རྒྱ་ནག་དམར་ཕྱོགས་ཀྱི་ཆབ་སྲིད་དྲུང་ཆེ་རྒྱ་གར་དུ་ཡོང་འཆར།

དེ་བཞིན་རྒྱ་གར་དམར་ཕྱོགས་ཚོགས་པའི་དཔོན་རིགས་ཁག་གཅིག་དང་ཡང་ཐུག་འཕྲད་བྱེད་འཆར་ཡོད་པས། མི་མང་པོས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ཆེད་དུ་རྒྱ་གར་ལ་དཀའ་ངལ་བཟོ་མཁན་ཞིག་གཏོང་གི་ཡོད་པ་དང༌། རྒྱ་ནག་མི་མང་བདེ་སྲུང་ལྷན་ཁང་གི་ཚོགས་གཙོ་ཞེས་འབོད་པའང༌། དོན་དངོས་ཐོག་བོད་མི་ཚོས་ངོ་རྒོལ་བྱེད་ངེས་པས་རྒྱ་གར་གཞུང་གིས་བཀག་འགོག་བྱེད་ཆེད་དུ་ཡིན་པ་རེད་ཅེས་བརྗོད་ཡོད་པ་རེད། 
དེ་ཡང་ཕྱི་ཟླ་བཅུ་གཅིག་པའི་ཚེས་༡༦ ནས་༢༠ བར་རྒྱ་ནག་དབུས་དམར་ཕྱོགས་ཚོགས་པའི་ཆབ་སྲིད་དྲུང་ཆེ་ཀྲུའུ་ཡུང་ཁང་རྒྱ་གར་དུ་རྟོག་ཞིབ་ལ་ཡོང་སྐབས། རྒྱ་གར་དམར་ཕྱོགས་པའི་མི་འབོར་མང་ཤོས་ནུབ་བྷང་གྷལ་མངའ་སྡེའི་དམར་ཕྱོགས་ཚོགས་པའི་དཔོན་རིགས་བྷུས་དྷ་རྡིབ་དང། རྒྱ་གར་དམར་ཕྱོགས་ཚོགས་པའི་ཚོགས་གཙོ་སོགས་དང་ཐུག་འཕྲད་བྱེད་འཆར་ཡོད་པ་ལྟར་ལམ་ལྷོང་བྱུང་ཚེ། དེ་ནས་རྒྱ་གར་དམར་ཕྱོགས་འཇབ་རྒོལ་དམག་དཔུང་གི་དཀའ་ངལ་ཆེ་སའི་ཤར་ཁུལ་དུའང་འགྲོ་སྲིད་པའི་བསམ་ཚུལ་ཤོད་མཁན་མང་པོ་འབྱུང་བཞིན་ཡོད་པ་རེད། དེང་སྐབས་སྔོན་དུས་དང་མི་འདྲ་བ་རྒྱ་གར་དམར་ཕྱོགས་ཚོགས་པ་དང༌། དབུས་འཛིན་སྐྱོང་གཉིས་དབར་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། དམར་ཕྱོགས་ཀྱི་ཁོངས་སུ་གཏོགས་པའི་འཇབ་རྒོལ་དམག་དཔུང་དང་རྒྱ་གར་དབུས་གཞུང་གཉིས་དབར་དམག་འཁྲུག་ཐེངས་འགར་ཤོར་ཡོད་པས། རྒྱ་གར་གཞུང་ཕྱོགས་ནས་དམར་ཕྱོགས་ཚོགས་པར་ཤུགས་རྐྱེན་ཐེབས་སྲིད་པའི་ཆབ་སྲིད་མི་སྣར་དོགས་ཟོན་བྱེད་བཞིན་ཡོད་པས། རྒྱ་གར་གྱི་ཆབ་སྲིད་མི་སྣ་མང་པོས་རྒྱ་ནག་དམར་ཕྱོགས་ཚོགས་པས་ཆབ་སྲིད་ཀྱི་གྲོས་ཐག་བཅད་པའི་དབང་ཚད་ཡོད་མཁན་ཞིག་ཆེད་དུ་གཏོང་རྒྱུ་ཡིན་པ་དེ་ནི་དམིགས་ཡུལ་ངན་པ་ཞིག་བཅངས་ཡོད་པའི་སྐོར་དང། ད་དུང་རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་བོ་རྟ་མཆོག་ཁ་འབབ་བམ་ཡར་ཀླུང་གཙང་པོ་འཁྱིལ་ཕྱོགས་བོད་ཀྱི་ས་ཁུལ་དུ་ཆུ་མཛོད་རྒྱག་འཆར་ཡོད་པ་དག་ནི། རྒྱ་གར་གྱི་ཨ་སམ་ས་ཁུལ་ལ་གནོད་ཆེ་བའི་རང་བཞིན་དུ་འགྱུར་རྒྱུ་ཡིན་པ་སོགས་བགྲང་ནས། དེང་སྐབས་རྒྱ་ནག་གི་དཔོན་རིགས་རྒྱ་གར་དུ་རྟོག་ཞིབ་ཡོང་བར་རྒྱ་གར་གཞུང་ངོས་ནས་དོགས་ཟོན་བྱེད་དགོས་པའི་བསམ་ཚུལ་ཤོད་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད།
དེ་བཞིན་རྒྱ་ནག་དབུས་དམར་ཕྱོགས་ཚོགས་པའི་ཆབ་སྲིད་དྲུང་ཆེ་ཡིས་རྒྱ་གར་ཀོང་རི་སི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་དང༌། ཕྱོགས་འགལ་ཚོགས་པའི་དཔོན་རིགས་ཁག་གཅིག་ལ་ཐུག་འཕྲད་བྱེད་འཆར་ཡོད་པ་དང། འདི་ལོའི་ཟླ་བ་༦ པའི་ནང་རྒྱ་ནག་གི་སྲིད་འཛིན་གྱིས་དྲུང་ཆེ་ཀྲུའུ་ཡུང་ཁང་ཤར་ཏུར་ཀི་སི་ཐན་དུ་བཏང་ཡོད་ཅིང། ཁོང་ལ་རྒྱ་ནག་དབུས་གཞུང་གི་ཆབ་སྲིད་ལས་དོན་གྱི་གྲོས་ཐག་གཅོད་པའི་དབང་ཚད་ཡོད་པ་མ་ཟད། ཁ་ཆེའི་ལུང་པ་སུ་ཌན་སོགས་སུའང་ཚོང་གི་མ་རྩ་འཇོག་མཁན་གྱི་ལས་སྣེ་བ་གཙོ་བོ་ཡིན་པ་རེད། རྒྱ་གར་གཞུང་གིས་རྒྱ་ནག་དབུས་དམར་ཕྱོགས་ཚོགས་པའི་ཆབ་སྲིད་དྲུང་ཆེ་ལ། རྒྱ་ནག་མི་མང་བདེ་སྲུང་ལྷན་ཁང་གི་ཚོགས་གཙོ་ཞེས་འབོད་པའང། དོན་དངོས་རྟོག་ཞིབ་སྐབས་བོད་མི་ཚོའི་ངོ་རྒོལ་བཀག་འགོག་བྱེད་ཆེད་དུ་ཡིན་པ་རེད་ཅེས་ཁྱབ་བསྒྲགས་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

Share this:
༢༣ ཀློག་གྲངས།