སྤྲུལ་སྐུ་ངོས་འཛིན་མུ་མཐུད་ནས་བྱེད་དགོས།

དེ་དག་ཚང་མ་གང་གི་ཡང་སྲིད་དུ་ངོས་འཛིན་བྱས་པ་དེའི་བརྒྱུད་གཅིག་པའི་ཡང་སྲིད་འཁྲུལ་མེད་ཅིག་ཡིན་མིན་ལ་མ་ལྟོས་པར། བོད་ཀྱི་ལོ་རྒྱུས་ནང་ཆོས་དང་ཆབ་སྲིད། རིག་གནས་ཡུལ་སྲོལ་གོམས་གཤིས་དང་བཅས་པ་ལ། འགྲན་ཟླ་དང་བྲལ་བའི་མཛད་པ་དང་འཕྲིན་ལས་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པ་དེ་ཡང། བོད་མི་རིགས་ཀྱི་སྤྱི་ཚོགས་ཡོངས་ལ་མིག་གིས་མཐོང་རྒྱུ་ཡོད་པ་ཞིག་དང་། སེམས་ཀྱིས་མྱོང་རྒྱུ་ཡོད་པ་ཞིག་ཡིན་པ་བཤད་མ་དགོས་པ་རེད། འདི་ལྟ་བུ་ལམ་སྲོལ་བཟང་པོ་དེ་ཉིད། དུས་རབས་ཉེར་གཅིག་པའི་ནང་དུ། ཡང་དག་པ་ཞིག་དང་ཡག་པོ་ཞིག་ཡིན་པར་ཚོར་གྱི་མེད་ན། ང་ཚོས་འཇིག་རྟེན་སྤྱི་ཡོངས་ལ་ཕན་བདེ་སྒྲུབ་བྱེད་ཀྱི་རིག་གཞུང་བཟང་པོ་འདི་ཉིད་ཀྱང་། མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་དུ། རང་སྲིད་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་ལ་རེ་བ་དང་འབད་བརྩོན་བྱེད་བཞིན་པ་དེ་ཡང་། དོན་དངོས་ཐོག་ཆབ་སྲིད་ཀྱི་ཟློས་གར་འཁྲབ་པའི་རྣམ་འགྱུར་ཙམ་ཞིག་ཏུ་འགྱུར་མི་འགྲོ་བའི་ངེས་པ་གང་ལ་ཡོད། ཁྱིམ་ཚང་ཚད་ལྡན་ཞིག་ཆགས་པར་བྱེད་པ་ལ། ཕ་མ་དང་ཕྲུ་གུ་དགོས་པ་བཞིན་དུ། དམ་ཆོས་དོན་གཉེར་གྱི་སྤྱི་ཚོགས་ཚད་ལྡན་ཞིག་ཆགས་པ་ལ་ཡང་དེ་དང་གཅིག་མཚུངས་རེད། ང་ཚོའི་དམ་ཆོས་དོན་གཉེར་གྱི་སྤྱི་ཚོགས་འདི་ཉིད་ཇི་ཙམ་འཕེལ་རྒྱས་དང་ཚད་ལྡན་དུ་སོང་བ་དེ་ཙམ་གྱིས། སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་བཟང་པོ་དེ་ཉིད་ཀྱང། སྤུས་ཚད་དང་ལྡན་པའི་ལམ་ནས་ངེས་པར་དུ་འཕེལ་རྒྱས་སུ་འགྲོ་དགོས་ངེས་ཡིན་པ་དེ། སྤྱི་ཚོགས་སྤྱིའི་རང་བཞིན་ཞིག་དང། ནང་བསྟན་ཤེས་རིག་གི་འཕེལ་རྒྱས་ལ་ཕན་པའི་ཁྱད་ཆོས་ཁྱད་པར་ཅན་ཞིག་ཆགས་བསྡད་ཡོད་པ་རེད། མི་ལོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་བཟང་པོ་འདི་ཡང། རྒྱུ་མེད་རྐྱེན་མེད་ལས་བྱུང་བ་ཞིག་མིན་པར། མིའི་རིགས་ཀྱི་སྤྱི་ཚོགས་ལ་ངེས་པར་དུ་དགོས་མཁོ་ཡོད་པའི་དབང་གིས་བྱུང་བ་ཞིག་རེད་ལ། ལྷག་པར་དུ་འགྲོ་བ་མིའི་སྤྱི་ཚོགས་ནང་དུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཚུལ་དང་མཐུན་པ་ཞིག་མུ་མཐུད་ནས་ཡོང་བའི་ཆེད་དུ་ལམ་སྲོལ་བཟང་པོ་འདི་ཉིད་གསར་གཏོད་བྱུང་བ་ཞིག་རེད། དེས་ན་ངས་སྤྲུལ་སྐུ་ངོས་འཛིན་མུ་མཐུད་ནས་བྱེད་དགོས་ཞེས་བཤད་པ་འདི་ཡང། ཡིན་གཅིག་མིན་གཉིས་དམ་པ་ཆེ་གེ་མོ་གང་གི་ཡང་སྲིད་དུ་ངོས་འཛིན་པ་བྱས་པ་དེ། དེའི་བརྒྱུད་གཅིག་པའི་ཡང་སྲིད་འཁྲུལ་མེད་ནོར་མེད་གཅིག་ངེས་པར་དུ་དགོས་ཀྱི་རེད་ཅེས་གཏན་ནས་བཤད་ཀྱི་མེད། དེ་འདྲ་ཞིག་ཡོང་ཁག་པོ་རེད་ལ། ཕལ་ཆེར་ཡོང་མི་སྲིད་པ་ལྟ་བུ་ཞིག་ཀྱང་རེད། དེ་ནི་ཕྱོགས་མང་པོ་ཞིག་ལ་བརྟེན་ནས་ཡོང་དགོས་པ་ཞིག་རེད། ཡིན་ན་ཡང། ཡང་སྲིད་རང་ཉིད་དམ་པ་ཆེ་གེ་མོ་དེ་ལ་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཞིག་ཡོད་ན། སྨོན་ལམ་གྱི་མཐུ་བཙན་པའི་དབང་གིས། ཏན་ཏན་རང་རྒྱུད་ལ་དམ་པ་དེའི་བྱིན་རླབས་འཇུག་སླ་བ་དང། སྐྱེས་བུ་དམ་པའི་རིགས་སད་སླ་བའི་ཁྱད་པར་ཡོད་པ་ནི་ཧ་ཅང་གསལ་པོ་རེད། དེས་ན་བཀའ་བློན་ཁྲི་པས་ཐེངས་བཅུ་པའི་ཆོས་ཚོགས་སྟེང། བཀའ་ཤག་གི་དགོངས་གཞི་དོན་ཚན་གསུམ་སྙན་སྒྲོན་ཞུས་པའི་ནང་དུ། སྤྲུལ་སྐུ་ངོས་འཛིན་ཐད་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས། ང་རང་སྒེར་ལྟ་བུར་ཆ་བཞག་ན། སྟབས་ཡག་རུང་སྡུག་རུང་སྤྲུལ་སྐུའི་མིང་ཞིག་ཡོད། འོན་ཀྱང། ངས་སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་དེ་ཡང་དག་པ་ཞིག་དང་ཡག་པོ་ཞིག་ཡིན་པ་ཚོར་གྱི་མེད། གང་ཡིན་ཟེར་ན། ང་གང་གི་ཡང་སྲིད་མིན་པར་ངས་གསལ་པོ་ཤེས་བསྡད་ཡོད། དེ་ལྟར་བརྒྱུད་གཅིག་མིན་པའི་ཡང་སྲིད་ང་དང་ང་འདྲ་བ་གཞན་མང་པོ་ཡོང་གི་ཡོད་སྟབས། ཡང་སྲིད་ངོས་འཛིན་དེ་རྩ་ཆེན་པོ་ཞིག་དང་རྒྱུན་འཛིན་བྱ་དགོས་པ་ཞིག་ལ་མཐོང་གི་མེད་ཅེས་དང། རྦད་དེ་ཉུང་དུ་གཏོང་ཐུབ་ན་ཡག་པོ་ཡིན་མོད་སོགས་གསུང་བཤད་གནང་འདུག།ཟམ་གདོང་བླ་མས་རང་ཉིད་རྒྱུ་མཚན་དུ་བྱས་ནས་གསུང་པ་ཞིག་མིན་ན། ངས་དེ་ལ་གོ་བ་རྣལ་མ་ཞིག་ལེན་ཐུབ་མ་སོང། གནས་ཚུལ་དེའི་དབང་གིས་ང་གྲྭ་རྐྱང་སྒེར་གྱི་ངོས་ནས། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ལྟ་གྲུབ་ལ་འཛིན་པའི་རང་ཉིད་ཀྱི་ལྟ་ཚུལ་ཐད་ནས། ལུང་འདྲེན་དུ་བྱས་པའི་གསུང་བཤད་དུམ་བུ་དེ་ཉིད་ལ་རྒྱབ་སྐྱོར་མེད་ལ་མོས་མཐུན་ཡང་མེད་པ་མ་ཟད། ཁོང་གི་གསུང་བཤད་དུམ་བུ་དེས་ཡིད་དབང་འཕྲོག་པའི་ལྟ་ཚུལ་འཛིན་མཁན་དག་ལ། ང་ལ་ཧ་ཅང་ཡ་མཚན་གྱི་ཚོར་བ་རྣོན་པོ་ཞིག་རང་བཞིན་གྱི་སྐྱེ་དགོས་བྱུང། ང་ཚོ་ཧོལ་རྒྱུག་ལ་དགའ་བའི་མི་མང་པོ་ཞིག་འདི་ལྟར་ལམ་ལོག་ཏུ་ཕྱིན་གྱི་འདུག།བོད་ཀྱི་སྤྱི་ཚོགས་ནང་དུ་ངས་བཤད་འདོད་པའི་སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་བཟང་པོ་དེ་མུ་མཐུད་ནས་བྱེད་དགོས་ཞེས་པའི་སྤྲུལ་སྐུ་དེ་ནི། ཀུན་སྤྱོད་རུལ་སུངས་ཅན་གྱི་སྤྲུལ་སྐུ་མི་དགོས་ལ། ཆོལ་ཁ་དང་ཆོས་བརྒྱུད་ཕན་ཚུན་ཕྱོགས་རིས་དང་འཐེན་ཁྱེར་བྱེད་མཁན་གྱི་སྤྲུལ་སྐུ་དེ་འདྲ་ཡང་མི་དགོས་པ་མ་ཟད། ཆོས་ཚོང་རྒྱག་མཁན་དང་ཁྱི་སྤྱང་ངན་འབྲེལ་བྱེད་མཁན་གྱི་སྤྲུལ་སྐུ་ཡང་རྩ་ནས་དགོས་ཀྱི་མེད་པ་རེད། སྤྲུལ་སྐུ་ངོས་འཛིན་མུ་མཐུད་ནས་བྱེད་དགོས་པའི་སྤྲུལ་སྐུ་ནི། ཡང་སྲིད་ངོས་འཛིན་བྱས་པ་དེའི་བརྒྱུད་གཅིག་པའི་སྤྲུལ་སྐུ་ཡིན་མིན་ཙམ་གཙོ་བོར་མ་ལྟོས་པར། མདོ་སྡེ་རྒྱན་ལས། སློབ་དཔོན་བརྩེ་ཆེན་རྟག་ཏུ་བརྟེན་པ་བདག།། ཕ་རོལ་སྡུལ་བསྔལ་དག་གིས་སེམས་གདུགས་པ།། གཞན་གྱི་བྱ་བ་ཉེ་བར་གནས་པ་ལ།། གཞན་གྱིས་བསྐུལ་བ་ཤིན་ཏུ་ངོ་ཡང་ཚ།།ཞེས་དང་། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི།། སེམས་ཅན་མཆོག་ནི་དལ་གྱིས་འགྲོ་མི་མཛེས།། བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་པས།། བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས།།ཞེས་དང། ཆོས་རྗེ་ས་པཎ་གྱིས། བསྟོད་པས་དགའ་བར་མི་འགྱུར་ལ།། སྨད་པས་མི་དགར་མི་འགྱུར་ཞིང་།། རང་གི་ཡོན་ཏན་ལེགས་གནས་པ།། སྐྱེ་བོ་དམ་པའི་མཚན་ཉིད་ཡིན།།ཞེས་གསུངས་པ་བཞིན། སྤྲུལ་སྐུ་ལ་སྤྲུལ་སྐུའི་སྤུས་ཚད་ལྡན་དགོས་ལ། ཤེས་ཡོན་གྱི་གནས་ཚད་མཐོ་བ། མི་རིགས་རང་གི་སྐད་ཡིག་དང་རིགས་གཞུང་ལ་ཤ་ཞེན་ཡོད་པ། སྤྱི་ཕན་གྱི་ལྷག་བསམ་ལྡན་པ། གཤིས་བཟང་གཞུང་དྲང་གི་རང་ཚུགས་ཐུབ་པ། སོ་སོའི་དགོན་པ་གྲྭ་ཚང་ནང་དུ་ཐུགས་མཐུན་ཁྲིམས་གཙང་གི་ལས་འགན་ཁུར་འདུན་ཡོད་པ། མང་ཚོགས་ལ་བཤུ་གཞོག་གཏོང་མི་དགོས་པར་དགོན་པ་སོ་སོ་རང་ཁ་རང་གསོ་ཐུབ་མཁན་གྱི་སྤྲུལ་སྐུ་སྐྱེད་བསྲིང་བྱེད་དགོས་པ་དེ་ཡིན། དེ་ལྟ་བུའི་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་དེ། སྔར་ལས་འཐུས་སྒོ་ཇེ་ཚང་དང་སྤུས་ཀ་ཇེ་ལེགས་སུ་བཏང་སྟེ། སངས་རྒྱས་ཀྱི་བསྟན་པ་དེ་ཉིད་ཕྱོགས་མཐའ་ཡུལ་གྲུ་ཀུན་ཏུ་ཇི་ཙམ་དར་རྒྱས་སུ་སོང་བ་དེ་ཙམ་གྱིས་ཡང་དག་པའི་སྤྲུལ་སྐུའི་ལམ་སྲོལ་དེ་ཉིད་ཀྱང་འཕེལ་རྒྱས་སུ་འགྲོ་དགོས་པ་ལས། ཇེ་ངན་ཇེ་སྡུག་དང་ཇེ་ཉུང་དུ་བཏང་སྟེ། མཐར་རྩ་མེད་དུ་གཏོང་བའི་ཐབས་ཇུས་འདིང་བ་ཡིན་ན། འདི་ནི་ངོ་མ་བཟང་སྤྱོད་ཀྱི་བྱེད་ཐབས་ཤིག་དང་སྤྱི་ཕན་གྱི་འཛིན་སྐྱོང་ཞིག་གཏན་ནས་མ་ཡིན་པར་སེམས། སྤྲུལ་སྐུ་ངོས་འཛིན་བྱེད་དགོས་པའི་དགོས་པ་དངོས་ནི། གོང་མའི་རྣམ་ཐར་བདག་གིར་བཞེས་ཏེ། བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་འདི་རེད། མདོར་ན། ས་ཕྱོགས་གང་དུ་ཕེབས་ཀྱང་སྤྲུལ་སྐུ་རང་ཉིད་ཀྱི་མི་ཚེ་གཅིག་གི་ནང་དུ། དམ་པ་གོང་མའི་རྣམ་ཐར་དང་ལོ་རྒྱུས་ཀྱི་འཛད་འཕྲིན་བཟང་པོ་དེ་རིགས་རྒྱུནའཁྱོང་ཡག་པོ་བྱེད་ཐུབ་མཁན་ཞིག་དང། བསྟན་འགྲོ་སྤྱི་ལ་ཕན་པའི་འཁོར་ལོ་གསུམ་གྱི་ཕྱག་ལས་གནང་ནས་མི་ཚེའི་འཕེན་པ་རྫོགས་སོང་བ་ཡིན་ན། དེ་ག་རང་གིས་སྤྲུལ་སྐུ་ཡིན་པའི་ཡིན་གོ་ཆོད་སོང་བ་རེད། དེ་ལས་ལྷག་པའི་ལས་འགན་གལ་ཆེན་ཞིག་འཇིག་རྟེན་འདི་ན་བསྒྲུབ་རྒྱུ་མེད་པ་རེད། གཞན་ཆེ་གེ་མོ་ཞིག་གི་སྤྲུལ་སྐུ་ཡིན་ཕྱིན་ཆད། ཡིན་གཅིག་མིན་གཉིས་གྲུབ་པའི་གོ་འཕང་མི་ཚེ་འདི་ཉིད་ལ་མངའ་བརྙེས་དགོས་པ་ཞིག་དང། ཤེས་བྱ་ཐམས་ཅད་ཁོང་དུ་ཆུད་དགོས་པ་ཞིག་གཏན་ནས་མིན་པར་ཚོར་ལ། ཡང་ན་སྤྲུལ་སྐུ་ཡིན་ན་སྤྱན་གྱིས་ལྷ་འདྲེ་གཟིགས་དགོས་པ་འདྲ་པོ་དང། གནམ་ལ་འཕུར་ཐུབ་མཁན་དང་ས་འོག་ཏུ་འཛུལ་ཐུབ་མཁན་དེ་འདྲ་དགོས་པའི་རྒྱུ་མཚན་མེད་པ་རེད། གལ་སྲིད་དེ་འདྲ་ཡོད་པ་ཡིན་ནའང་ང་ཚོ་བོད་ཀྱི་སྤྲུལ་སྐུ་ཡིན་མིན་ཐེ་ཚོམ་རེད། ཆོས་བརྒྱུད་རིས་སུ་མ་ཆད་པའི་སྤྲུལ་སྐུ་ཚོ། མི་ལོ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་ཀྱིས་ཕྱུག་པའི་སྤྲུལ་སྐུ་ཚོ། ཁ་བ་རི་པའི་ཡ་ང་བའི་ལོ་རྒྱུས་ཀྱི་གས་ཆག་ལ་དགོངས་ཏེ། སངས་རྒྱས་བསྟན་པ་དཔལ་འབྱོར་གྱི་ཁྲོམ་ཚོགས་སུ་སྒྱུར་བཞིན་པའི་ཛ་དྲག་གི་གནས་བབས་ལ་གཟིགས་ནས། དུས་རབས་ཉེར་གཅིག་པའི་རང་དབང་དང་མང་གཙོའི་ཁྲོད་དུ་ཁྱོད་ཅག་དམ་པ་གོང་མའི་མཛད་འཕྲིན་གྱི་རྒྱུན་བཟང་ཡོད་ཚད་རང་ཉིད་ནས་མཇུག་བསྡོམས་མ་བརྒྱབ་པར་ཀུན་སྤྱོད་གཙང་མའི་གཤིས་བཟང་དང་ལྷན་དུ་ལྷག་བསམ་དང་སྤོབས་པ་ཆེན་པོས་སྤྲུལ་སྐུ་རྣམས་མུ་མཐུད་ནས་ཕེབས་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད་ལ། བསྟན་པ་དང་འགྲོ་བའི་དོན་དུ་ཕེབས་ཆོག་པར་གོང་རིམ་ནས་བཀའ་གྲོས་དང་ཆོག་མཆན་ཡོད་པར་ཞུ།།

Share this:
༣༡ ཀློག་གྲངས།