རྒྱ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་མི་སྣ་བཀག་ཉར་བྱེད་བཞིན་པའི་སྐྱོན་བརྗོད།

ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་གཞུང་དང་ལྟ་བའི་མི་མཐུན་པའི་མི་སྣ་དག་འཇུ་བཟུང་བཀག་ཉར་བྱས་པར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཉེ་ཆར་གསར་ཏུ་བཏོན་པའི་རྒྱལ་སྲུང་ཁྲིམས་ལུགས་ལའང་དོ་སྣང་བྱེད་བཞིན་ཡོད་སྐོར་བརྗོད་འདུག

633FBEDA-55A6-476D-8325-A0A5EF77A267_cx0_cy7_cw0_mw1024_s_n_r1ཕྱི་ཟླ་༧ པའི་ཚེས་༡༢ རེས་གཟའ་ཉི་མའི་ཉིན། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རྗོན་ཁིར་བྷེ་(John Kirby) ཡིས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། ཉེ་བའི་ཆར་རྒྱ་ནག་གཞུང་གིས་སྒྲིག་འཛུགས་ལྡན་པའི་སྒོ་ནས་ཞི་བའི་ངང་མི་གཞན་གྱི་ཐོོོབ་ཐང་སྲུང་སྐྱོབ་མི་སྣ་ཁ་ཤས་བཀག་ཉར་བྱས་ཡོད་པ་དང་། ལྷག་པར་དུ་ཁྲིམས་མཐུན་ངང་གཞུང་གི་སྲིད་ཇུས་ལ་ཁ་གཏད་གཅོག་མཁན་རྣམས་ལ་གཞུང་གིས་རྡུང་རྡེག་གཏོང་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།

གཞན་ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་རྒྱ་ནག་གཞུང་གིས་ཉེ་ཆར་གསར་ཏུ་བཏོན་པའི་རྒྱལ་སྲུང་ཁྲིམས་ལུགས་ཀྱི་གཞི་རྒྱ་ཧ་ཅང་ཆེ་བ་དང་། རྒྱ་གཞུང་གིས་རྒྱལ་སྲུང་ཁྲིམས་ལུགས་ལ་ཁག་གཡར་ཏེ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་སྲིད་པའི་སེམས་འཚབ་ཡོད་སྐོར་བརྗོད་འདུག

ཧོང་ཀོང་མང་གཙོའི་ལས་འགུལ་ལྷན་ཚོགས་ཀྱིས་ཕྱོགས་བསྒྲིགས་བྱས་པའི་མིང་ཐོ་ལ་གཞིགས་ན། ཕྱི་ཟླ་༧ པའི་ཚེས་༡༣ རེས་གཟའ་ཟླ་བའི་ཉིན་བར། རྒྱ་ནག་སྲིད་གཞུང་གིས་གཟའ་འཁོར་སྔོན་མའི་རེས་གཟའ་ཕུར་བུ་ནས་འགོ་བཟུང་སྟེ། ཁྱོན་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་འབྲེལ་ཡོད་མི་སྣ་༡༠༧ འཇུ་བཟུང་བྱས་ཡོད་པའི་ཁྲོད། མི་༦ ལ་ཁྲིམས་ཐག་གཅོད་ཟིན་པ་དང་། མི་༡ གི་སྡོད་གནས་ལྟ་སྲུང་འོག་ཡོད་པ། མི་༡༥ ཉེན་རྟོག་པས་ཁྲིད་དེ་གར་སོང་ཆར་མེད་དུ་གྱུར་པ། གཞན་མི་༨༥ གནས་སྐབས་རིང་བཀག་ཉར་དང་འདྲི་རྩོད་སོགས་བྱས་ཡོད་འདུག་ཀྱང་། ད་ལྟའི་ཆར་མི་དེ་དག་གློད་གྲོལ་ཐོབ་ཡོད་པ་རེད།

རྒྱལ་སྤྱིའི་ཉེས་ཡང་སྒྲིག་འཛུགས་ཀྱི་རྒྱ་ནག་ཉམས་ཞིབ་པ་ནཱི་ཝེ་ཕེན་གྱིས་བརྗོད་དོན། “རྒྱ་ནག་སྲིད་གཞུང་གིས་ཉིན་བཞིན་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་འགྲོ་བ་མིའི་ཐོབ་རྩོད་ཁྲིམས་རྩོད་པ་རྣམས་ཀྱིས། སྤྱི་ཚོགས་འབྲེལ་མཐུད་བརྒྱུད་ལམ་བེད་སྤྱོད་དེ་མང་ཚོགས་ཀྱི་རྒྱབ་སྐྱོར་རག་ཐབས་བྱེད་བཞིན་པའི་ནུས་པར་དོ་སྣང་ཤུགས་ཆེན་བྱེད་བཞིན་ཡོད། ཕྱི་ལོ་༢༠༡༢ ལོར་ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས། རྒྱུན་ཆད་མེད་པར་མང་ཚོགས་དང་སྤྱི་ཚོགས་སྟངས་འཛིན་བྱེད་ཤུགས་ཆེར་བཏང་ཡོད། ཉེ་བའི་ལོ་ཤས་རིང་། རྒྱ་ནག་གཞུང་གིས་གཞུང་དང་ལྟ་བ་མི་མཐུན་པའི་མི་སྣ་བཅུ་གྲངས་ཤིག་འཇུ་བཟུང་བཀག་ཉར་བྱས་ཡོད་ཅིང་། བོད་དང་ཤིན་ཅང་ཡུ་གུར་མི་རིགས་ཀྱིས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་དྲག་གནོན་བྱེད་བཞིན་པའི་སྐྱོན་བརྗོད་བྱས་དང་བྱེད་མུས་ཡིན།།”

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Share this:
༡༡༤ ཀློག་གྲངས།