སྤྲུལ་སྐུའི་ཕུང་པོའི་དོ་བདག་ལ་རྒྱ་གཞུང་གིས་མེ་མདའ་བརྒྱབ་འདུག

ཟླ་འདིའི་ཚེས་༡༤ ཉིན་གྱི་ཕྱི་དྲོ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག དྷ་ས་ཉིན་མོའི་སློབ་གྲྭའི་ཚོགས་ཁང་ནང་། ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐུ་གྲོངས་རྐྱེན་ལས་འཕྲོས་པའི་དཔྱད་གླེང་ཞིག་འཚོགས་ཡོད་པ་རེད།

སྤྲུལ་སྐུ་འདས་གྲོངས་སོང་ནས་ཉིན་གསུམ་ཙམ་འགྲོ་བཞིན་པའི་སྐབས་འདིར་ཡང་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པ་དང་། ཁོང་གི་སྤུན་མཆེད་ཀྱིས་སྤྲུལ་སྐུའི་སྐུ་ཕུང་རྩིས་སྤྲོད་མ་བྱས་པར་དེ་སྐུ་བཀྲོངས་པ་ཡིན་པར་དོགས་གཞི་ཡོད་སྐོར་བརྗོད་འདུག

ཐོག་མར་རྒན་འཁོགས་དྲུག་གིས་ས་གནས་རྒྱ་ནག་གཞུང་ལ་ཞུ་གཏུགས་བྱས་པར། རྒྱ་གཞུང་གིས་ཁོང་ཚོར་རྡུང་རྡེག་བཏང་སྟེ་སྨན་ཁང་དུ་ཁྲིད་དགོས་བྱུང་ཡོད་པ་རེད།  ཕྱི་ཚེས་ ༡༣ ཉིན་ལི་ཐང་ཉག་ཆུ་རྫོང་ཁོངས་སུ་ཡོད་པའི་ཨོ་ཐོག་ཧོ་ལུང་ཡུལ་ཚོའི་རྒྱ་ནག་གི་སྲིད་གཞུང་སྒོ་རུ་མི་མང་གིས་སྤྲུལ་སྐུའི་་སྐུ་ཕུང་རྩིས་སྤྲོད་དགོས་པའི་ཞུ་འབོད་བྱས་ཀྱང་། ཉན་འཇོག་མ་བྱས་ཁར་མི་མང་ལ་ཉེན་རྟོག་པས་རྡུང་རྡེག་དྲག་པོ་བཏང་སྟེ་མི་མང་མང་པོ་ཞིག་རྨས་སྐྱོན་བཟོས་ཡོད། ད་ལྟའི་ཆར་མི་གྲངས་༡༥ ཙམ་ཧ་ཅང་ཛ་དྲག་ངང་སྨན་ཁང་དུ་ལུས་ཡོད་འདུག

ཉེན་རྟོག་པས་མི་མང་ལ་མེ་མདའ་བརྒྱབ་པ་དང་། མི་མང་གིས་རྡོ་གཞུས་པ་སོགས་བྱས་ཏེ། སྐྱེ་དམན་ཞིག་གི་རྐང་པར་མེ་མདའ་བརྒྱབ་པ་དང་། མི་མང་ཁྲོད་དུག་རླངས་གཏོར་ཡོད་འདུག་ལ། རྒྱ་གཞུང་གིས་སྐབས་དེར་དགོན་པའི་བླ་མ་ཁག་ཅིག་ལ་ངོ་རྒོལ་བྱེད་མི་ཉན་པའི་སློབ་གསོ་མི་མང་ལ་རྒྱག་བཅུག་ཡོད་འདུག གྲྭ་བཙུན་བཅོ་བརྒྱད་ཙམ་སྐུ་ཕུང་རྩིས་ལེན་དུ་ཡོང་ཆོག་སྐོར་བརྗོད་དེ་སོང་ཡོད་ནའང་། སྐུ་ཕུང་རྩིས་སྤྲོད་རྒྱུ་ཁག་པོ་ཆགས་ཡོད་པ་རེད། ལི་ཐང་རྫོང་དང་ཉག་ཆུ་རྫོང་གི་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པས། ས་གནས་གང་སར་མི་མང་འགྲོ་འདུག་བཀག་འགོག་ཤུགས་ཆེན་བྱས་ཡོད་སྐོར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་དངོས་སློབ་དགེ་བཤེས་ཉི་མས་འགྲེལ་བརྗོད་སོང་།

_MG_9024དཔྱད་གླེང་ཚོགས་འདུ་དེའི་ཐོག་དགུ་བཅུ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་དཔྱད་གླེང་དེ་འཚོགས་དགོས་དོན་དང་། ཚོགས་པའི་ངོས་ནས་གསར་འགོད་གསལ་བསྒྲགས་ཤིག་སྒྲོགས་སྦྱང་སྐབས། རྒྱ་ནག་གཞུང་གིས་སྤྲུལ་སྐུ་བཙོན་ཁང་ནས་འདས་གྲོངས་རྗེས། སྐུ་ཕུང་ཡང་ཁོང་གི་ནང་མི་ཉེ་འབྲེལ་ལ་རྩིས་སྤྲོད་མ་བྱས་སྟབས། ས་གནས་ཡུལ་མིས་འབྲེལ་ཡོད་ཚན་པར་ཞུ་གཏུགས་བྱས་པར་སྔར་བཞིན་དྲག་གནོན་བྱེད་བཞིན་པའི་གནས་ཚུལ་ཡོང་བཞིན་འདུག་ན། དེ་འབྲེལ་གྱི་གནས་ཚུལ་གང་བྱུང་རྒྱ་གཞུང་གི་འབྲེལ་ཡོད་ཚན་པས་འགན་ཁུར་དགོས་པའི་རྒོལ་གཏམ་གཏོང་རྒྱུ་མ་ཟད། ངེད་ཚོགས་པས་གནས་དུས་དང་བསྟུན་ནས་ཡིད་སྐྱོའི་གནད་དོན་འདིར་བརྡ་འདེད་ཞུ་གཏུགས་མུ་མཐུད་བྱ་རྒྱུ་ཡིན་སྐོར་བསྒྲགས་སོང་།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་དངོས་སློབ་དགེ་བཤེས་ཉི་མས་སྤྲུལ་སྐུའི་ལོ་རྒྱུས་དང་འབྲེལ་བའི་དུས་རྒྱུན་ལས་དོན་གནང་ཕྱོགས་ཐོག་གཏམ་བཤད་གནང་སྐབས། ཁོང་སྐུ་འཁྲུངས་སྐབས་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་ཏེ། སློབ་གཉེར་གྱི་གོ་སྐབས་མ་རག་པའི་སྐོར་དང་། རྗེས་སུ་པཎ་ཆེན་རིན་པོ་ཆེར་མཇལ་འཕྲད་ཀྱིས་རིག་གནས་གསར་བརྗེ་སྐབས་ཀྱི་གཏོར་བཤིག་སྐོར་སྙན་སེང་ཞུས་སྐོར། ༡༩༨༡ ལོ་ཙམ་ནས་དགོན་པ་བསྐྱར་གསོ་སོགས་ཀྱིས་ཆོས་ལུགས་སློབ་གཉེར་སྐོར་ལ་ནུས་ཤུགས་བཏོན་པ། རྗེས་སུ་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་ནས་སློབ་གཉེར་གྱི་སྐོར་དང་། ཕྱིར་ཕ་ཡུལ་དུ་ཕེབས་ནས་དགོན་པ་གསར་རྒྱག་དང་། གྲྭ་བཙུན་ལ་སློབ་གཉེར་སྤྲོད་ཐབས། སློབ་གྲྭ་གསར་འཛུགས་སོགས་ཀྱི་ཕྱག་ལས་གནང་བ། དེ་བཞིན་སྤྱི་ཚོགས་བདེ་འཇགས་ཆེད་དུ་ནང་ཁུལ་འཁྲུག་འཛིང་ཤོར་བའི་རིགས་འདུམ་སྒྲིག་ཡོང་ཐབས་དང་། ཁོར་ཡུག་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཡོང་ཐབས་ཀྱི་ཕྱག་ལས་གནང་བ། རྗེས་སུ་བོད་མི་ཧ་ཅང་མང་པོས་དགའ་ཞེན་བྱེད་སའི་བླ་མ་ནུས་ཤུགས་ཅན་ཞིག་ཆགས་ཡོང་སྐབས། རྒྱ་ནག་གིས་རྒྱལ་ཁབ་ཁ་བྲལ་བ་དང་། ཁྲིན་ཏུའུ་རུ་བྱུང་བའི་འབར་རྫས་ཀྱི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་མ་ཉེས་ཁག་གཡོགས་བྱས་ཏེ། འཇུ་བཟུང་བཙོན་འཇུག་བྱས་ཏེ། མནར་གཅོད་མྱངས་སྐོར་ངོ་སྤྲོད་བྱས་སོང་།

བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་ཁྲིམས་ཐོག་ནས་ཐག་གཅོད་ཡག་པོ་མ་བྱས་པའི་བརྒྱུད་རིམ་སྐོར་ངོ་སྤྲོད་གནང་སྐབས། བློ་བཟང་དོན་གྲུབ་དང་། སྤྲུལ་སྐུ་གཉིས་ཀ་འཇུ་བཟུང་བྱས་རྗེས། ཚད་ལྡན་གྱི་ཁྲིམས་རྩོད་པ་གླ་མ་བཅུག་པ་དང་། འབར་རྫས་གཡུག་མཁན་ཡིན་པ་ཁྲིམས་ཐོག་ནས་ཁུངས་སྐྱེལ་གང་ཡང་མེད་པར། ཁྲིམས་འགལ་ཐོག་བཙན་ཁྲིད་བྱས་ཏེ། ཁྲིམས་ཐག་བཅད་པ་དང་། ཁྲིམས་ར་ནས་བློ་བཟང་དོན་གྲུབ་ཀྱིས་འབར་རྫས་ཀྱི་དོན་རྐྱེན་དང་འབྲེལ་བ་མེད་པའི་སྐད་འབོད་བྱེད་སྐབས། གཞུང་གིས་ཁ་བཀབ་ནས་ཁྲིད་སོང་བ། རྗེས་སུ་སྤྲུལ་སྐུའི་དགོས་འདུན་ལྟར་ནང་མི་འབྲེལ་ཡོད་ཀྱིས་ཁྲིམས་གཏུགས་རིམ་པ་ཡོང་ཐབས་བྱས་ཀྱང་། རྒྱ་ནག་གཞུང་གིས་ཁས་ལེན་མ་བྱས་པ། རྒྱ་ནག་གི་ཁྲིམས་རྩོད་པ་གྲགས་ཅན་དང་ཤེས་ཡོན་པ་ཁག་ཅིག་གིས་ཁྲིམས་ཆད་དེ་དྲང་པོ་བྱུང་མེད་པའི་སྐོར་གྱི་དོགས་སློང་དོན་ཚན་བརྒྱད་ཅན་ཞིག་རྒྱ་ནག་གཞུང་ལ་བཏང་ཡང་ངོས་ལེན་མ་བྱས་པའི་སྐོར་སོགས་གསུངས་སོང་།

འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་སྤྲུལ་སྐུར་ཁྲིམས་ཆད་དེ་རྒྱལ་སྤྱིའི་ཐོག་ནས་ལྟ་སྟངས་སྐོར་ལ་གསུང་བཤད་གནང་སྐབས། རྒྱལ་ཕམ་ག་རེ་བྱུང་ཡང་འཐབ་རྩོད་དེ་རྒྱུན་མཐུད་ཐུབ་དགོས་པ་དང་། ད་སྔ་བར་དུ་སྤྲུལ་སྐུའི་སྐོར་ལ་བོད་མི་ཚོས་ལས་འགུལ་རྒྱུན་མ་ཆད་པ་དེ་རྒྱལ་ཁ་ཞིག་ཡིན་སྐོར། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ལྟ་སྐབས། རྒྱ་ནག་དེ་ཁྲིམས་ཀྱི་དབང་བསྒྱུར་མེད་པའི་ཞིག་ཡིན་པས། སྤྲུལ་སྐུ་འཇུ་བཟུང་དང་ཁྲིམས་ཆད་ཚང་མ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཁྲིམས་འགལ་ཆགས་ཡོད་སྐོར། གསང་བའི་བཀག་ཉར་དང་རང་དབང་གི་ཁྲིམས་རྩོད་པ་གླ་མ་བཅུག་པ། ནང་མི་ཉེ་འབྲེལ་ལ་ཐུག་ཕྲད་བྱེད་རྒྱུ་བཀག་འགོག་བྱས་པ་སོགས་ཁྲིམས་འགལ་ཆགས་ཡོད་སྐོར་དང་། མ་འོངས་པར་བོད་དོན་ལས་འགུལ་སྤེལ་སྐབས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ནང་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་དུས་མིན་བཙོན་ཁང་ནང་འདས་གྲོངས་སོང་བ་དང་། ནད་གཅོང་དུ་གྱུར་ནས་གློད་གྲོལ་བཏང་བ་དང་འདས་གྲོངས་སོང་བ་རྒྱལ་སྤྱིའི་ཐོག་ངོ་སྤྲོད་ཡོང་ཐབས་དགོས་སྐོར་གྱི་གསུང་བཤད་གནང་སོང་།

ཟླ་འདིའི་ཚེས་༡༢ དགོང་མོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་ཁང་ནས་སྐུ་གྲོངས་པའི་གནས་ཚུལ་སླེབས་ཡོད་པ་དང། ༢༠༠༢ ལོའི་ཕྱི་ཟླ་༡༡ ཚེས་༢༩ ཉིན་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ། ཁྲེན་ཏུའུ་གྲོང་ཁྱེར་དུ་འབར་རྫས་སྦར་བའི་ཉེས་མིང་འོག་བཙོན་འཇུག་བྱས་ཏེ། ལོ་༡༣ འཁོར་གྱི་ཡོད་པ་རེད།

༢༠༠༣ ལོར་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་མཉམ་དུ་འབར་གས་དོན་རྐྱེན་གྱི་ནག་ཉེས་གཡོགས་པའི་བློ་བཟང་དོན་གྲུབ་སྲོག་ཐོག་བཏང་ཡོད་པ་རེད།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༢༨༣ ཀློག་གྲངས།