ཕྱིའི་རྒྱལ་ཁབ་ཀྱི་ཡུལ་མི་༢༠ ནང་སོག་ནས་འཇུ་བཟུང་བྱས།

ཟླ་འདིའི་ཕྱི་ཚེས་༡༤ ཉིན་དབྱིན་ཡུལ་ཕྱི་སྲིད་ལྷན་ཁང་ནས་དངོས་སུ་བདེན་དཔང་བྱས་པ་ལྟར། རྒྱ་ནག་བྱང་ཕྱོགས་ནས་དབྱིན་ཡུལ་གྱི་མི་སེར་༡༡ ཚུད་པའི་ཁྱོན་ཕྱིའི་རྒྱལ་ཁབ་ཀྱི་མི་༢༠ འཇུ་བཟུང་བྱས་ཡོད་འདུག

150714191414_fo_512x288_fo_nocreditདབྱིན་ཡུལ་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་བརྗོད་པ་ལྟར་ན། ཁོང་ཚོས་ད་ལྟ་དངོས་སུ་མི་དེ་དག་འཇུ་བཟུང་བྱས་དགོས་པའི་རྒྱུ་རྐྱེན་ཁ་གསལ་ཤེས་རྟོགས་ཡོང་ཐབས་བྱེད་བཞིན་པ་དང་། རྒྱ་ནག་ཏུ་ཡོད་པའི་དབྱིན་ཡུལ་གྱི་དོན་གཅོད་མི་སྣ་འཇུ་བཟུང་ཐེབས་པའི་མི་དེ་དག་ལ་ལྟ་རུ་སོང་ཡོད་པ་མ་ཟད། ད་ལྟ་རྒྱ་ནག་གཞུང་དང་དངོས་སུ་འབྲེལ་བ་བྱེད་བཞིན་ཡོད་ཅིང་། དབྱིན་ཡུལ་གཞུང་ངོས་ནས་མིག་སྔར་རྒྱ་གཞུང་གིས་འཇུ་བཟུང་བྱས་པའི་དབྱིན་ཡུལ་གྱི་མི་དེ་དག་གི་ལོ་ཚད་དང་མིང་སོགས་ཕྱིར་བསྒྲགས་བྱས་མེད་པ་རེད།

ལྷོ་ཨ་ཧྥི་རི་ཁའི་སྒེར་གྱི་དྲ་ཚིགས་ (Eyewitness News)ཞེས་པའི་སྟེང་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་ཕྱི་ཟླ་༧ པའི་ཚེས་༡༠ ཉིན། ནང་སོག་གི་ཨར་ཌོ་སི་གནམ་ཐང་ནས་ཕྱིའི་རྒྱལ་ཁབ་ཀྱི་མི་༢༠ འཇུ་བཟུང་བྱས་ཡོད་པ་དང་། འཇུ་བཟུང་བྱས་པའི་མི་༢༠ ཡི་ཁྲོད། དབྱིན་ཡུལ་གྱི་མི་སེར་༡༡ ཕུད་པའི་གཞན་ལྷོ་ཨ་ཧྥི་རི་ཁའི་ཡུལ་མི་༨ དང་། རྒྱ་གར་གྱི་མི་༡ བཅས་ཡོད་པའི་ཡིད་ཆེས་བྱས་འདུག གནས་ཚུལ་དེའི་ནང་ལྷོ་ཨ་ཧྥི་རི་ཁའི་གཞུང་འབྲེལ་མིན་པའི་དགེ་རྩ་ཚོགས་པའི་མིང་ལ་“Gift of the Givers”ཟེར་བ་ཞིག་གི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། འཇུ་བཟུང་བྱས་པའི་མི་དེ་དག་ལ་རྒྱ་གཞུང་གིས་འཇིགས་སྐུལ་རིང་ལུགས་དང་འབྲེལ་བ་ཡོད་པའི་སྐྱོན་འཛུགས་བྱས་ཡོད་པ་མ་ཟད། མགྲོན་ཁང་ནང་དུ་དྲིལ་བསྒྲགས་ཀྱི་གློག་བརྙན་ལྟ་བཞིན་ཡོད་སྐོར་ཡང་བརྗོད་ཡོད་འདུག་ལ། མི་དེ་དག་གི་ལག་ཁྱེར་ཁ་པར་སོགས་ཡར་བསྡུས་ཏེ། ནང་མི་དང་ཁྲིམས་རྩོད་པ་སུ་ལའང་འབྲེལ་གཏུག་བྱ་འཇུག་གི་མེད་པ་རེད།

ལྷོ་ཨ་ཧྥི་རི་ཁའི་རྒྱལ་སྤྱི་འབྲེལ་མཐུད་ལྷན་ཁང་མགྲིན་ཚབ་པ་ཞིག་གིས་བརྗོད་པ་ལྟར་ན། ཁོང་ཚོར་རེས་གཟའ་ཉི་མའི་ཉིན་ད་གཟོད་མི་དེ་དག་འཇུ་བཟུང་བྱས་ཡོད་པའི་གནས་ཚུལ་འབྱོར་ཡོད་ཅིང་། ད་ལྟ་ལྷོ་ཨ་ཧྥི་རི་ཁའི་གཞུང་གིས་རྒྱ་གཞུང་དང་མཉམ་དུ་གནད་དོན་དེའི་སྐོར་སྐད་ཆ་བཤད་བཞིན་ཡོད་འདུག

“Gift of the Givers” ཡིས་བརྗོད་དོན། རྒྱ་ནག་གཞུང་གིས་ནང་སོག་ནས་འཇུ་བཟུང་བྱས་པའི་ལྷོ་ཨ་ཧྥི་རི་ཁའི་ཡུལ་མི་༡༠ འཇིགས་སྐུལ་རིང་ལུགས་སྒྲིག་འཛུགས་དང་འབྲེལ་བ་གང་ཡང་མེད་པ་མ་ཟད། ཁོང་ཚོ་ནི་མི་རྣམས་ཀྱིས་གུས་བཀུར་བྱེད་སའི་སྨན་པ་དང་ཚོང་པ་ཡིན་ཞིང་། དེའི་ཁྲོད་དུ་མི་ལོ་༣༠ རིང་སྐྱབས་བཅོལ་དུ་བསྡད་མྱོང་བའི་ཨ་ཧྥི་རི་ཁའི་ལས་འགུལ་བ་ཆེན་མོ་ཞིག་ཀྱང་ཡོད།

རྒྱ་ནག་གཞུང་གིས་མི་སྔར་འཇུ་བཟུང་བྱས་པའི་མི་༢༠ ཁྲོད་ཀྱི་མི་༡༡ གློད་གྲོལ་གཏོང་རྒྱུའི་མོས་མཐུན་བྱས་ཡོད་ཀྱང་། མི་༩ སྔར་བཞིན་བཀག་ཉར་བྱ་རྒྱུ་པའི་ནང་། ལྷོ་ཨ་ཧྥི་རི་ཁའི་མི་༥ ཚུད་ཡོད་པ་རེད།།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།

Share this:
༦༢ ཀློག་གྲངས།