སྤྲུལ་སྐུ་བཀྲོངས་ཚར་ནའང་ཁུ་སིམ་སིམ་བསྡད་ན་འགྲིག་གི་མི་འདུག་ཟེར།

རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལོ་༡༣ ལྷག་ལ་བཙོན་འཇུག་བྱས་ཏེ། ཕྱི་ཟླ་༧ ཚེས་༡༢ ཉིན་འདས་གྲོངས་སོང་བ་དང་། ཕུང་པོ་ཡང་ནང་མིར་རྩིས་སྤྲོད་མ་བྱས་པར་བརྟེན། གྲོངས་རྐྱེན་ལ་ཡང་དོགས་གཞི་བྱུང་ཡོད་རེད།

142oiཟླ་འདིའི་ཚེས་༡༨ ཉིན་དྷ་སར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག མི་མང་གིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ཀ་ཅི་རི་ཁྲིམས་ཁང་བར་གོམ་བགྲོད་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་ཞིག་བྱས་ཡོད་པ་རེད།

མི་མང་འདུ་འཛོམས་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཚ་བོ་དགེ་བཤེས་ཉི་མས་སྤྲུལ་སྐུའི་ལོ་རྒྱུས་དང་འབྲེལ་བའི་ངོ་སྤྲོད་གཏམ་བཤད་བྱས་པ་དང་། བོད་མི་མང་སྤྱི་འཐུས་ཨ་ཅར་ཡ་ཡེ་ཤེས་ཕུན་ཚོགས་ཀྱིས་ཧིན་སྐད་ཐོག་གཏམ་བཤད་བྱས་ཡོད་པ་རེད།

གོ་སྒྲིག་ཚོགས་པ་ཁག་མཉམ་འབྲེལ་གྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང། “འཛམ་གླིང་ས་གནས་གང་སར་ཡོད་པའི་བོད་མི་ཚོས་རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐུ་བཀྲོངས་པར་ལན་འདེབས་ཁ་གསལ་དགོས། རྒྱལ་ཚོགས་ཀྱིས་སྤྲུལ་སྐུའི་གནད་དོན་ལ་འགན་ཁུར་ལེན་དགོས། ང་ཚོས་རེ་འདུན་ནི་འཛམ་གླིང་མི་མང་གིས་ད་ལྟའི་བོད་ནང་གི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་དེར་རྒོལ་གཏམ་གཏོང་དགོས་པ་མ་ཟད། སྤྲུལ་སྐུ་བཀྲོངས་པའི་གནད་དོན་དེར་རང་དབང་གི་ཐོག་ནས་ཞིབ་འཇུག་དགོས།”

gunbo
མི་དང་པོ་དེ་མགོན་པོ་འཕྲིན་ལས།

ལས་འགུལ་ནང་མཉམ་ཞུགས་པ་ཆབ་སྲིད་བཙོན་ཟུར་མགོན་པོ་འཕྲིན་ལས་ལ་ལས་འགུལ་དེ་དང་འབྲེལ་ནས་བཅར་འདྲི་བྱས་པར། ཁོང་གིས་གསུང་དོན། “སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ནི་བོད་ཀྱི་གལ་ཆེན་མི་སྣ་ཞིག་རེད། ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་མ་ཟད། བཙོན་ཁང་དུ་དངོས་སུ་དམར་གསོད་བཏང་ཡོད་མེད་གང་ལྟར། བཙོན་ཁང་ནས་ལོ་མང་མནར་གཅོད་བཏང་སྟེ། དམར་གསོད་བཏང་བ་རེད། བོད་ཀྱི་མི་སྣ་གལ་ཆེན་ཞིག་རྒྱ་ནག་གཞུང་གིས་རྩ་མེད་བཏང་བ་དེར་བློ་ཕམ་བྱུང་ནས་ལས་འགུལ་འདིའི་ནང་འཛུལ་ཞུགས་བྱས་པ་ཡིན་ལ། མ་འོངས་པར་ཡང་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་རྒྱུའི་སྤོབས་པ་དང་དམ་བཅའ་ཡོད།”

བོད་ཀྱི་དགུ་བཅུ་གསུམ་ཚོགས་གཞོན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལ་བཅར་འདྲི་བྱས་པར། ཁོང་གིས་གསུང་དོན། “ལས་འགུལ་འདིའི་ནང་དགུ་བཅུ་ལས་འགུལ་ཚོགས་པ་འཛུལ་ཞུགས་དགོས་དོན་དེ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱལ་སྤྱིའི་ཐོག་སྙན་གྲགས་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཞིག་ཡིན་ནའང་། ཁོང་མཐའ་མར་བཙོན་ཁང་ནང་བཀྲོངས་པའི་གནས་སྟངས་བྱུང་སྐབས། བོད་ཀྱི་ཆབ་སྲིད་བཙོན་པ་མང་པོ་བཙོན་ཁང་དུ་ཡོད་པ་རེད་ལ། ང་ཚོས་ཧ་མ་གོ་བ་དེ་འདྲ་ཡོད་པ་རེད། ཁོང་ཚོས་གནས་སྟངས་ག་འདྲ་ཡིན་ན་བསམ་པའི་དངངས་སྐྲགས་དེ་ང་ཚོར་ཡོད་ལ། འགན་ཞིག་ཀྱང་ཡོད་པས། ལས་འགུལ་ནང་འཛུལ་ཞུགས་བྱས་ཡིན།”

namgyal
ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས་རྒྱ་གར་གསར་འགོད་པའི་དྲི་བར་ལན་འདེབས་བཞིན་པ།

མ་འོངས་པར་ལས་འགུལ་སྤེལ་དགོས་མིན་སྐོར་ལ་བཅར་འདྲི་བྱས་པར། ཁོང་གིས་གསུང་དོན། “ད་ལྟའི་ཆར་བོད་ནང་གནས་ཚུལ་ག་རེ་བྱུང་ཡང་མུ་མཐུད་ནས་ལས་འགུལ་སྤེལ་དགོས་པ་རེད་ལ། དབུས་བོད་མིའི་སྒྲིག་འཛུགས་དང་། ཚོགས་པ་ཁག་ལ་འགན་ཡོད་པ་རེད། ས་གནས་ཁག་གི་བོད་མི་ཚོ་ལས་འགུལ་ནང་འཛུལ་ཞུགས་བྱེད་དགོས་པ་རེད་ལ། ལས་འགུལ་གོ་སྒྲིག་བྱེད་ཐུབ་ན། མི་མང་མཉམ་ཞུགས་བྱེད་རྒྱུ་རེད། ད་ལྟ་སྤྲུལ་སྐུ་བཀྲོངས་ཚར་ནའང་། ཁུ་སིམ་སིམ་བསྡད་ན་འགྲིག་གི་མི་འདུག སྤུལ་སྐུ་བཀྲོངས་པ་དེར་ང་ཚོས་ངོ་རྒོལ་ཡོད་ཅེས་མི་མང་ཚང་མ་ལངས་ན། རྒྱ་ནག་གིས་གནས་ཚུལ་དེའི་རིགས་བྱུང་སྐབས། ཁོང་ཚོ་ཁ་བཙུམ་གྱི་མི་འདུག རྒྱལ་སྤྱིའི་ཐོག་གནས་ཚུལ་ལ་དོ་སྣང་བྱེད་ཀྱི་འདུག་བསམ་ནས་ཏོག་ཙམ་འཕོ་འགྱུར་འགྲོ་ཡི་རེད་བསམ་གྱི་འདུག”

ལས་འགུལ་དེའི་ནང་འཛུལ་ཞུགས་བྱེད་མཁན་བོད་མི་མང་སྤྱི་འཐུས་བློ་བཟང་ཡེ་ཤེས་ལ་བཅར་འདྲི་བྱས་པར། ཁོང་གིས་གསུང་དོན། “ང་སྒེར་ལ་མཚོན་ན་ཚོགས་པ་ཁག་གི་ནང་ལས་ཀ་བྱེད་སྐབས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་གྲོལ་ཆེད་ལས་འགུལ་ལོ་༡༣ རིང་སྤེལ་རེད།

Lobsang Yeshi (Member of Tibetan Parliament in Exile) in May 2013.
སྤྱི་འཐུས་བློ་བཟང་ཡེ་ཤེས།

ཐོག་མར་མ་ཉེས་ཁག་གཡོག་གིས་བཙོན་འཇུག་སྐབས་ཁྲིམས་ཐོག་ནས་ཏག་ཏག་བསྡད་མེད་པ་དང་། བློ་བཟང་དོན་གྲུབ་འཇུ་བཟུང་བྱས་ཏེ། ཁྲིམས་རྩོད་པ་གླ་མ་བཅུག་པར་ཁོང་ལ་སྲོག་ཁྲིམས་བཅད་པ་དང་། ལམ་སང་སྲོག་ཐོག་བཏང་རེད། ཁྲིམས་ཐོག་ནས་ཁུངས་སྐྱེལ་གང་ཡང་ཡོད་པ་མ་རེད། རྒྱལ་སྤྱིའི་ཚོགས་པ་མང་པོས་ཁྲིམས་འགལ་གྱི་ཁྲིམས་ཆད་ཅིག་ཡིན་པར་ངོས་འཛིན་གྱི་ཡིག་ཆ་བཀྲམ་ཡོད་པ་རེད། རྒྱ་ནག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་ལོ་མང་མནར་གཅོད་བཏང་སྟེ། སྣང་བ་གང་དྲན་དུ་ཐག་གཅོད་དེ་འདྲ་བྱས་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།”

སྤྱི་འཐུས་བློ་བཟང་ཡེ་ཤེས་ཀྱིས་མུ་མཐུད་གསུང་དོན། “བོད་ཀྱི་གནས་སྟངས་དེ་༡༩༥༠ ལོ་ནས་ཛ་དྲག་ཆགས་བསྡད་ཡོད་པ་རེད། ཉི་མ་ཉི་མར་རྒྱལ་སྤྱིའི་སྡིངས་ཆའི་ཐོག་དང་། བོད་དོན་རྒྱབ་སྐྱོར་བ། ཁྲིམས་རྩོད་པ་སོགས་ལ་བོད་དོན་ངོ་འཕྲོད་པའི་ལས་ཀ་བྱེད་དགོས་པ་རེད། མཚམས་རེར་ཧ་ཅང་ཛ་དྲག་ཆགས་པའི་སྐབས་ལས་འགུལ་ཞེ་དྲག་སྤེལ་ཐུབ་ཀྱི་མི་འདུག་བསམ་གྱི་འདུག རང་ལུས་མེར་སྲེག་གི་ངོ་རྒོལ་ཡིན་ནའང་། འཛམ་གླིང་གི་ལོ་རྒྱུས་ནང་ཛ་དྲག་ཤོས་ཆགས་ཡོད་པས། གཞུང་དང་གཞུང་འབྲེལ་མ་ཡིན་པ་ཚང་མས་ཛ་དྲག་སྐབས་ཛ་དྲག་ལ་དཔག་པའི་ལས་འགུལ་སྤེལ་དགོས་པ་གལ་ཆེན་པོ་འདུག”

momoམི་མང་གིས་ལས་འགུལ་ཐོག་མཐར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ཀྱིས་བོད་དོན་ལས་འགུལ་གང་མང་སྤེལ་དགོས་སྐོར་དང་། མ་འོངས་པར་མི་མང་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་ཡིན་པའི་གཏམ་བཤད་གནང་བ་དང་། ཉིན་དེའི་ལས་འགུལ་མཇུག་བསྒྲིལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༤༤༨ ཀློག་གྲངས།