མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་པོད་དྲུག་ལེགས་འགྲུབ།

2norlang 26སྐབས་དེར་ནོར་གླིང་གི་ངེས་སྟོན་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་གིས་དབུ་འབྱེད་མཛད་སྒོའི་ངོ་སྤྲོད་གསུང་བཤད་གནང་བ་དང། འགན་འཛིན་སྒྲོལ་མ་སྐྱབས་ལགས་ཀྱིས་ནོར་གླིང་སྤྱིའི་བྱུང་སོང་ངོ་སྤྲོད་གནང་རྗེས། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཛད་སྒོའི་ཐོག་བཅར་བའི་སྐུ་མགྲོན་རྣམ་པ་དང། དགའ་ལྡན་ཁྲི་པ་གསར་པར་མཚམས་འདྲི་དང། ནོར་གླིང་རིག་གཞུང་སྲི་ཞུ་ཁང་ལ་བསྔགས་བརྗོད་གནང་རྗེས། མཛད་རྣམ་རྩོམ་སྒྲིག་གི་སྐོར་གསུང་དོན། མཛད་རྣམ་ཕྱོགས་སྒྲིག་གི་ལས་གཞི་དེ་གཞིས་བྱེས་བོད་མི་ཡོངས་ཀྱིས་ཧ་ཅང་གལ་ཆེན་དུ་བརྩི་བའྀ་ལས་གཞི་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད། མཛད་རྣམ་ཕྱོགས་སྒྲིག་བྱེད་རྒྱུ་དེ་ལས་སླ་བོའི་ལས་ཀ་ཞིག་མ་རེད། ཕྱོགས་གཅིག་ནས་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་བའི་རྒྱ་མཚོ་ལྟ་བུ། ང་ཚོ་སོ་སོའི་སྐྱེ་བོའི་སྣང་ངོར་ལ་ཡིག་ཐོག་ཏུ་ཕབ་རྒྱུར་ཧ་ཅང་གིས་ཚིག་ཟིན་ཁག་པོ་དང། ཐག་གཅོད་ཁག་པོའི་གནས་སྟངས་ཤྀག་རེད། སེམས་ཅན་སོ་སོའི་སྣང་ངོར་མི་འདྲ་བ་མི་འདྲ་བ་འཆར་སྲིད་པ་ཡིན་པས། དེ་ག་འདྲ་ཞིག་ལས་དོན་བྱེད་ཀྱི་ཡོད་འགྲོ་བསམ་པ་ཞིག་དང། ལྷག་པར་དུ་ཧ་ཅང་རྒྱ་ཆེ་བའི་མཛད་པ་འཕྲིན་ལས་ཤིག་ཡིན་པས། དེ་ལ་ཆད་ལྷག་མེད་པ། ནོར་འཁྲུལ་མེད་པ། གོ་རིམ་མ་འཆོལ་བ་ཞིག་ཡོང་རྒྱུར་རྩོམ་པ་པོར་ཏན་ཏན་དཀའ་ངལ་ཡོད་པ་རེད་བསམ་གྱི་འདུག དེ་ཙམ་དུ་མ་ཟད། ད་ལྟའི་སྐབས་ལ་བོད་ཕྱི་ནང་གཉིས་སུ་བོད་ཀྱི་སྐད་ཡིག་དེ་དར་རྒུད་མཚམས་སྦྱོར་གྱི་དུས་སྐབས་ཤིག་ལ་འགྲོ་བཞིན་པ་རེད། 3norlang 26ཕྱོགས་གཅིག་ནས་སྐད་ཡིག་གཞན་པའི་གནོན་ཤུགས། ཕྱོགས་གཞན་པ་ཞིག་ནས་དེང་རབས་ཀྱི་གནས་ཚུལ་གསར་པ་མང་པོའི་དགོས་མཁོ། དེའི་ཐོག་བོད་ཀྱི་བརྡ་སྤྲོད་རིགས་པ་རྐྱང་པའི་ཐོག་རིགས་གཅིག་རྐང་འཛིན་བྱེད་རྒྱུ་དཀའ་ལས་ཁག་པོའི་གནས་སྟངས་ཤིག་ལ། ང་ཚོའི་སྐད་ཡིག་དེ་རྦ་རླབས་འཕྱུར་བའི་རྒྱ་མཚོའི་ནང་གི་གྲུ་ཆུང་ལྟ་བུ་ཞིག་རེད། དེའི་སྐབས་ཚད་འཛིན་ཡག་པོ་ཞིག་བྱས་ནས་ཕྱོགས་མ་བརླག་པ་ཞིག་བྱེད་མ་ཐུབ་ན། འདིའི་རིགས་དེ་རྒྱུན་རིང་པོར་བསྡད་པ་ཡིན་ན། རྩོམ་ཡིག་བརྡ་སྤྲོད་རིག་པ་དང། ཚིག་རྒྱན་རིག་པ་རྩོམ་ཡིག་གཉིས་ལ་འབྲེལ་བ་ཡོད་པ་ཞིག་ཡིན་པས། གལ་གནད་ཆེ་བའི་ཕྱག་ལས་ཤིག་རེད། དེ་ཚོ་སྤུས་དག་པོ་གནང་ཐུབ་པ་དེ་སྤྱི་ཁྱབ་རྩོམ་སྒྲིག་པ་ཆོག་གིས་དབུས་དེ་ལ་འབྲེལ་བ་ཡོད་མཁན་ཚང་མར་བཙན་བྱོལ་བོད་གཞུང་གི་ངོས་ནས། ང་རང་སྒེར་གྱི་ངོས་ནས། སྙིང་ཐག་པ་ནས་རྗེས་སུ་ཡི་རངས་དང། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་སྒྲོགས་སྦྱང་གནང་བ་དང། རྒྱ་ནག་གཞུང་གིས་ྋགོང་ས་མཆོག་ལ་མཚད་སྨོད་འདྲ་མིན་ཞུ་བཞིན་ཡོད་པའི་སྐབས་དེར། ཁོང་གི་མཛད་པ་འཕྲིན་ལས་ཁག་ཡིག་ཐོག་ཏུ་འགོད་ཐུབ་པ་དེར་རླབས་ཆེན་གྱི་ལས་དོན་ཡིན་སྐོར་གསུངས་ཡོད་པ་རེད།
ྋགོང་ས་མཆོག་གི་ཁོང་གིས་མཛད་རྣམ་ཕྱོགས་སྒྲིག་གི་སྐོར་གསུང་དོན། ྋརྒྱལ་བ་རིན་པོ་ཆེའི་རྣམ་ཐར་ཞེས་མི་ཚོས་སྒྲོ་བཏག་ནས་མང་པོ་ཞིག་བཤད་ཀྱི་ཡོད་པ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན། སྔོན་གྱི་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་ཡོད་བཞིན་དུ། ངས་མི་ཚེ་སྐྱེལ་སྟངས་ལ་ཆ་བཞག་ན་སྟོང་ཟད་འདྲ་ཞིག་རེད། ཡིན་ནའང། ཇི་སྲིད་ནམ་མཁའ་གནས་པ་དང། འགྲོ་བ་ཇི་སྲིད་གནས་གྱུར་བ། དེ་སྲིད་བདག་ནི་གནས་གྱུར་བས། འགྲོ་བའི་སྡུག་སྔལ་སེལ་བར་ཤོག་ཅེས་བྱང་ཆུབ་སེམས་དཔའ་ཚོས་སྨོན་ལམ་བརྒྱབ་པ་བཞིན། འཇོན་རྒྱུ་ཡོད་པ་མ་རེད་མོད།  རང་གི་སྒོ་གསུམ་གྱིས་གཞན་ལ་ཕན་ན་བསམ་བསམ་ནས་སྨོན་ལམ་བརྒྱབ་བསྡད་ཡོད་པ་རེད། ཕྲན་བུ་ཕྲན་བུ་ཕན་གྱི་ཡོད་པ་རེད། དེའི་རིགས་མི་ཚེ་སྐྱེལ་བའི་ལོ་རྒྱུས་ཤིག་ཡིག་ཐོག་ཏུ་བྲིས་ཡོད་པ་རེད། སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་བཏང་ཞེས་སྔོན་མ་བཤད་སྲོལ་ཡོད་པ་རེད། ཞེ་དྲག་དད་པ་ཡོད་པའི་ཁུལ་བྱས་ནས་སྒྲོ་བཏག་ནས། སྙན་ངག་གིས་ར་བཏག་དང་འུར་བཤད་ཡོང་དུས་བླ་མ་ཟོག་པོར་འགྲོ་རྒྱུའི་ཉེན་ཁ་ཡོད་པ་རེད། རང་བཞིན་བརྗོད་པ་བཤད་བསྡད་ན་ཡག་གི་རེད། ངས་མཐོང་མ་སོང། ཡག་པོ་བྱུང་ཡོད་རྒྱུ་རེད། ཚང་མས་ཁུར་བླངས་ནས་ཕྱོགས་སྒྲིག་བྱས་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་སློབ་གནང་ཡོད་པ་རེད།།

Share this:
༡༣༠ ཀློག་གྲངས།