འོས་ཤོག་བླུགས་ནས་བསྒྱུར་བཅོས་དགོས་པ་རེད་ཅེས་བཀྲ་ཤིས་དབང་འདུས་ཀྱིས་གསུངས་སོང།

སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ཀྱིས། “བོད་དོན་བདེན་མཐའ་གསལ་ཐབས་སུ་མཐོང་ཐུབ་དགོས་པ་གསུམ་ཡོད་པ་རེད། རྒྱུན་གནས་དང་། ཤེས་ཡོན། དཔལ་འབྱོར་དགོས་པའི་དམིགས་ཡུལ་བཟུང་ནས་སྲིད་སྐྱོང་དུ་ལངས་པ་ཡིན་”ཞེས་གསུངས་སོང་།

ཟླ་འདིའི་ཚེས་༢༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༥ པའི་ཐོག་སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ཀྱིས་དྷ་ས་མེག་གྷན་ཁཱི་ལོབ་ཚོགས་ཁང་དུ། མི་མང་ལ་ཁོང་སྲིད་སྐྱོང་འོས་མིར་ལངས་དགོས་པའི་དམིགས་ཡུལ་དང་མ་འོངས་པའི་འཆར་གཞིའི་སྐོར་གྱི་གཏམ་བཤད་ཅིག་གནང་ཡོད་པ་རེད།

14563.སྐུ་ཞབས་བཀྲ་ཤིས་དབང་འདུས་ཀྱིས་ཁོང་གི་སློབ་སྦྱོང་གི་བརྒྱུད་རིམ་དང་། དེ་སྔོན་ལས་དོན་བྱས་པའི་བརྒྱུད་རིམ་ངོ་སྤྲོད་གནང་བ་དང་འབྲེལ། ཁོང་སྔོན་མ་ནས་དུས་དང་སྐབས་ལ་བབས་ན་སྲིད་སྐྱོང་གི་འགན་ཁུར་དགོས་བསམ་མཁན་ཞིག་ཡིན་སྐོར་དང་། བར་ལམ་ཞིག་ནས་སྲིད་སྐྱོང་གི་འོས་བསྡུ་སླེབས་ལ་ཉེ་ནའང་མི་མང་ལ་དེ་ཙམ་དོ་སྣང་མེད་པའི་ཚོར་སྣང་བྱུང་བར་བརྟེན། ཁོང་སྲིད་སྐྱོང་ལ་ལངས་པ་ཡིན་སྐོར་གསུངས་སོང་། ཁོང་གིས། “༧གོང་ས་མཆོག་གི་དགོངས་གཞི་ལྟར་བོད་དོན་བདེན་མཐའ་གསལ་ཐབས་སུ་ལས་གཞི་རྩོམ་དགོས་བྱུང་ན་སྐལ་བ་བཟང་པོ་ཡིན་བསམ་གྱི་ཡོད། བར་ལམ་ཞིག་ནས་བོད་མི་ཁག་ཅིག་གིས་ང་ལ་སྲིད་སྐྱོང་གི་འགན་ཁུར་དགོས་ཀྱི་འདུག་ཅེས་གསུངས་པ་ལྟར། ང་རང་ལ་སྔོན་མའི་ལས་དོན་གྱི་མཉམ་མྱོང་ཡོད་པས་སྲིད་སྐྱོང་གི་འགན་ཁུར་ཐུབ་པའི་སྤོབས་པ་ཡོད། ང་ཚོ་སྐྱབས་བཅོལ་ལ་སླེབས་དགོས་པ་དེ་བོད་ལ་ཆབ་སྲིད་ཀྱི་དཀའ་ངལ་ཞིག་བྱུང་ནས་སླེབས་པ་རེད། དཀའ་ངལ་སེལ་ཐབས་སུ་གྲོས་མོལ་དགོས་པ་དང་། གྲོས་མོལ་བསྐྱར་གསོ་ཡོང་ཐབས་དགོས་ཀྱི་འདུག གྲོས་མོལ་དེ་བོད་མིའི་སྒྲིག་འཛུགས་ཀྱིས་བྱེད་དགོས་ཀྱི་ཡོད་པས། བོད་མིའི་སྒྲིག་འཛུགས་རྒྱུན་གནས་དགོས་པ་དང་། དེ་རྒྱུན་གནས་ཡོང་ཐབས་སུ་གཞིས་ཆགས་སྲ་བརྟན་དགོས་ཀྱི་འདུག བོད་དོན་བདེན་མཐའ་གསལ་ཐབས་སུ་གཞོན་སྐྱེས་ལ་སློབ་སྦྱོང་དང་མི་མང་ལ་དཔལ་འབྱོར་དགོས་པ་རེད་”ཅེས་གསུངས་སོང་།
ཁོང་གིས་མུ་གསུང་དོན། “བོད་དོན་བདེན་མཐའ་གསལ་ཐབས་སུ་མཐོང་ཐུབ་དགོས་པ་གསུམ་ཡོད་པ་རེད། རྒྱུན་གནས་དང་། ཤེས་ཡོན། དཔལ་འབྱོར་དགོས་པའི་དམིགས་ཡུལ་བཟུང་ནས་སྲིད་སྐྱོང་དུ་ལངས་པ་ཡིན་”ཞེས་གསུངས་སོང་།

སྐུ་ཞབས་བཀྲ་ཤིས་དབང་འདུས་ཀྱིས་མ་འོངས་ལས་འཆར་སྐོར་གསུང་དོན། “༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་དེ་གལ་ཆེ་ཤོས་ལ་བརྩི་ཡི་ཡོད། ལོ་ཤས་སྔོན་ནས་སན་ཧྥ་རིན་སི་ཁོར་སོགས་སུ་ཛ་དྲག་གནས་སྟངས་བྱུང་སོང་། སྐད་འབོད་ངོ་རྒོལ་བྱེད་མཁན་བྱུང་བ་རེད། དེའི་རིགས་མ་ཡོང་པའི་ཆེད་དུ་སྔོན་འགོག་གྲ་སྒྲིག་ཨང་གསར་དགོས་ཀྱི་འདུག དེ་བཞིན་༧གོང་ས་མཆོག་གི་མཛད་རིམ་དང་འགྲིམ་འགྲུལ་ཉུང་དུ་བཏང་སྟེ། སྐུའི་འཕྲོད་བསྟེན་སྔར་བཞེས་ཡོང་བའི་གསོལ་བ་འདེབས་རྒྱུ་ཡིན། ཕྱི་འབྲེལ་ལ་མཚོན་ན་བོད་དོན་རྒྱབ་སྐྱོར་ཚོགས་པ་ད་ལྟའི་ཆར་ཉུང་དུ་སོང་འདུག་བསམ་གྱི་འདུག སྐབས་ཤིག་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ་བཞི་བརྒྱ་ལྔ་བརྒྱ་ཡོད་ཟེར་གྱི་ཡོད་པ་རེད། འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་ནང་བོད་དོན་གྲོས་ཆོད་བཞག་པ་མང་པོ་རེད། བར་ལམ་ཞིག་ནས་གྲོས་ཆོད་བཞག་པ་གོ་རྒྱུ་མི་འདུག ཕྱི་རྒྱལ་དུ་བོད་དོན་ལས་འགུལ་སྐབས་བོད་པ་མང་པོ་འདུག ཡིན་ཡང་ཕྱི་རྒྱལ་མི་མང་པོ་མཐོང་རྒྱུ་མི་འདུག་”ཅེས་བོད་དོན་རྒྱབ་སྐྱོར་བ་འཚོལ་དགོས་པ་དང་། བོད་ནང་ཆབ་སྲིད་ཐོག་རང་དབང་རག་གི་མེད་ནའང་། ཁོར་ཡུག་དང་། ཤེས་ཡོན་ཐོག་རང་དབང་ཏོག་ཙམ་རག་པ་དེ་ཕྱི་རྒྱལ་ཁག་གི་རྒྱ་ནག་ལ་གནོན་ཤུགས་ལས་བྱུང་བ་ཡིན་སྐོར་དང་། ཕྱི་རྒྱལ་གྱི་རྒྱབ་སྐྱོར་འོག་ཆབ་སྲིད་བཙོན་པ་ཁ་ཤས་ཕྱི་རྒྱལ་དུ་ཡོང་ཐུབ་ཡོད་སྐོར། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་ཁང་ནས་སྐྱོབས་མ་ཐུབ་པ་དེ་བཙན་བྱོལ་བོད་མི་རྣམས་དང་། ལྷག་པར་དུ་འགན་འཁྲི་ཡོད་པའི་འགོར་སྡོད་མཁན་ཚོས་འཐུས་ཤོར་ཆེ་ཤོས་ཡིན་པ་དང་། བོད་དོན་རྒྱབ་སྐྱོར་བ་མང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་གསུངས་སོང་།

_MG_9379ཁོང་གིས་བོད་མིའི་སྒྲིག་འཛུགས་སྲ་བརྟན་དགོས་ན། སྒྲིག་གཞི་དང་ལས་འཆར་གསར་གཏོད་དགོས་སྐོར་དང་། སྐྱབས་བཅོལ་བོད་མི་ཚོར་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་མེད་པའི་དཀའ་ངལ་དང་། ཡོད་མཁན་ཚོར་ཡང་དུས་འགྱངས་ཀྱི་དཀའ་ངལ། ཕྱི་བསྐྱོད་སྐབས་ཀྱི་དཀའ་ངལ་ཡོད་སྐོར་དང་། དེ་ཡང་ཁོང་རང་R C ཁྱེར་ནས་འགྲོ་མཁན་ཞིག་ཡིན་པའི་ཆ་ནས་དཀའ་ངལ་དེ་ཚོ་ཤེས་རྟོགས་ཡོད་སྐོར་གསུངས་སོང་།
དེ་བཞིན་གཞིས་ཆགས་སྲ་བརྟན་ཡོང་ཐབས་སུ་གཞིས་མི་སྡོད་ཐབས་དེ་རྒྱུགས་རྡུང་གཏོང་རྒྱུ་དང་། མ་ཎི་བགྲངས་རྒྱུ། སྐད་འབོད་བྱེད་རྒྱུ་སོགས་བྱས་ནས་གནས་ཐབས་ཡོད་པ་མ་རེད། གཞིས་ཆགས་ཀྱི་ས་ཁང་སྲ་བརྟན་དང་། ཞིང་ཁ་དེང་རབས་དང་མཐུན་པའི་འཕྲུལ་ཆས་ཀྱི་ཐོག་ནས་འགྲོ་དགོས་པ་སོགས་ཀྱི་གནས་བབས་བསྐྲུན་དགོས་སྐོར། དེ་བཞིན་ཚོང་ལས་ཡར་རྒྱས་བཏང་སྟེ། ཚོང་གི་ཁྲོམ་ར་ཡོད་ས་ཚོ་ཡར་རྒྱས་དང་མེད་ས་ཚོར་གསར་པ་ཡོང་ཐབས་བྱེད་དགོས་སྐོར། ཚོང་དང་ཞིང་ལས་གཉིས་ཀ་མ་ཡིན་པའི་འཛུགས་སྐྲུན་གྱི་ལས་གཞི་བཙུགས་ཏེ། གཞིས་ཆགས་སྲ་བརྟན་གཏོང་རྒྱུ། གཞིས་ཆགས་ཡར་རྒྱས་གཏོང་རྒྱུར་དངུལ་དགོས་པ་རེད། དངུལ་ཡོང་ཐབས་སུ་ཕྱི་རྒྱལ་ཁག་ཏུ་གནས་སྡོད་བྱེད་མཁན་ཚོར་ལས་གཞི་སྤྲད་དེ་མ་དངུལ་འཚོལ་ཐབས་བྱེད་དགོས་སྐོར་སོགས་གསུངས་སོང་།

དེ་བཞིན་ཕྱི་རྒྱལ་ཁག་ཏུ་བོད་མི་ཁ་འཐོར་དུ་འགྲོ་བཞིན་ཡོད་པས། བོད་མི་མཉམ་གནས་ཀྱི་ཁྲོམ་ར་འཛུགས་དགོས་པ་དང་། དེ་འདྲ་ཡོང་ཐབས་མེད་པ་ཞིག་མིན་སྐོར་དང་། དེང་སྐབས་རང་བཙན་ལག་དེབ་ཀྱི་དཔྱ་དངུལ་དེ་ཕྱི་རྒྱལ་ཁག་ལ་ཡོད་མཁན་ཚོར་སྤྲོད་རྒྱུ་དཀའ་ལས་ཡོད་པས། དྲ་ཐོག་ནས་དངུལ་བསྡུ་ཐུབ་པ་ཞིག་ཕྱི་རྒྱལ་ཁག་ནས་བཟོ་ཐུབ་སྐོར། དེ་བཞིན་རྒྱ་གར་ནས་ཕྱི་རྒྱལ་དུ་གསར་པ་སླེབས་མཁན་ཚོའི་ཡིག་ཆའི་མིང་བརྗེ་པོ་རྒྱག་དགོས་བྱུང་ན། གཞུང་གིས་སྔོན་མའི་མིང་ཐོག་ནས་དཔྱ་དངུལ་སྤྲད་ཡོད་པ་དེར་ངོས་ལེན་མ་བྱས་པར། དཀའ་ངལ་འཕྲད་ཀྱི་ཡོད་པ་སོགས་བསྒྱུར་བཅོས་གཏོང་དགོས་སྐོར་གསུངས་སོང་།

ད་ལྟ་གཞུང་ལ་ལས་ཀ་བྱེད་སྟངས་འགྲིག་གི་མི་འདུག་ཅེས་གསུངས་མཁན་མང་པོ་ཡོད་པས། དེ་འོས་ཤོག་བླུགས་ནས་བསྒྱུར་བཅོས་གཏོང་རྒྱུ་གལ་ཆེན་ཡིན་སྐོར་ངོ་སྤྲོད་གནང་སོང་།

སྐུ་ཞབས་བཀྲ་ཤིས་དབང་འདུས་ཀྱིས་ཤེས་ཡོན་སྲིད་ཇུས་སྐོར་གསུང་དོན། ད་ལྟ་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་གི་བར་ཐག་རང་པོ་ཡིན་པ་དང་། དེའི་རིགས་ལ་བསྒྱུར་བཅོས་གཏོང་དགོས་པ། དགེ་རྒན་ལས་བྱེད་ཚང་མས་ཤེས་ཡོན་སྲིད་ཇུས་ཀྱི་ངེས་ཤེས་རྙེད་དགོས་པ་རེད། དགེ་རྒན་གྱི་སྤུས་ཚད་ཡག་ཏུ་གཏོང་དགོས་པ། དགེ་རྒན་གྱི་གླ་ཕོགས་ཡག་པོ་དགོས་པ། འཛིན་རིམ་བཅུ་གཉིས་ཐོན་རྗེས་ཤེས་ཡོན་ཡོད་ནའང་། སྨན་གྱི་སློབ་སྦྱོང་དང་། འཕྲུལ་ལས་ཀྱི་རིགས་གཅིག་རྐང་འཛིན་སོགས་ཀྱི་ཐོག་སློབ་ཡོན་འབུམ་ལྔ་བཅུ་དྲུག་ཅུ་ཡིན་པས། ང་ཚོའི་སློབ་མ་འགྲོ་ཐུབ་ཀྱི་མེད་སྐོར། མ་འོངས་པར་དེའི་རིགས་ཀྱི་སློབ་གྲྭའི་ནང་ཡིག་ཚད་བཏང་ནས་ཚུད་ན། སློབ་ཡོན་ཆུང་བ་ཡོད་པས། དེའི་རིགས་ཀྱི་གོ་སྐབས་རག་ཐབས་སུ་ཟབ་སྦྱོང་སྤྲད་དེ་ལམ་ཀ་འཚོལ་ཐུབ་ཀྱི་ཡོད་སྐོར། སྤྱིར་སྟངས་དེང་སྐབས་ཤེས་ཡོན་ཐོག་འཐུས་ཤོར་ཆེན་པོ་འགྲོ་ཡི་ཡོད་སྐོར་དང་མ་འོངས་པར་ཤེས་ཡོན་ཐོག་ལས་དོན་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར་གསུངས་སོང།
སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ཀྱིས་དྷ་ས་ནས་འགོ་བཙུགས་ཏེ། གཞིས་ཆགས་ཁག་ཚང་མར་གཏམ་བཤད་ཆེད་སྐོར་བསྐྱོད་བྱེད་རྒྱུ་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༢༡༠ ཀློག་གྲངས།