མཛད་རྣམ་དབུ་འབྱེད་མཛད་སྒོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན།

འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་དབང་ཀརྨ་རིན་པོ་ཆེ་མཆོག གཡུང་དྲུང་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་རྣམ་གཉིས་དབུས་རྒྱལ་བསྟན་གསལ་བྱེད་མཁན་སྤྲུལ་བླ་སློབ་དགེ་འདུན་གྱི་ཚོགས་རྣམས་དང༌། བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པས་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་མགྲོན་རྣམ་པ། དམིགས་བསལ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་གཏན་ཞལ་རྣམ་གཉིས་དང་། ནོར་གླིང་སྤྱི་ཁྱབ་འགན་འཛིན་སྒྲོལ་མ་སྐྱབས་སོགས་མཛད་རྣམ་རྩོམ་སྒྲིག་ཚོགས་མི་དང་འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་རྣམ་པ་བཅས་དེ་རིང་གི་མངོན་དགའི་མཛད་སྟོན་འདིར་ཆེད་དུ་ཕེབས་པའི་མང་འདུས་ཁྲོམ་ཚོགས་ཡོངས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་ཡང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གསང་གསུམ་མཛད་པའི་འཕྲིན་ལས་ཡོངས་རྫོགས་ཇི་བཞིན་གཞལ་བའི་ནུས་སྟོབས་ཀྱི་བློ་རྩལ་ལྡན་པ་ཞིག་སྲིད་འདིར་འབྱུང་བར་དཀོན་ནའང༌། ཐུན་མོང་གདུལ་བྱའི་མོས་ངོར་སྣང་བའི་མཛད་བཟང་གི་ཆ་ཕྲན་རེ་རེས་ཀྱང་སྙིགས་ལྔའི་མུན་ཚོགས་ཀྱི་འཁྲུག་རྩོད་ཞི་ཞིང་གོ་ལ་ཧྲིལ་པོའི་ས་ཁྱོན་ན་གནས་པའི་སྐྱེ་འགྲོའི་བདེ་སྐྱིད་ཀྱི་གཞི་རྩ་འཚེ་མེད་ཞི་བའི་ཐབས་ལམ་ཉག་གཅིག་ཏུ་གྱུར་དང་འགྱུར་བཞིན་པ་འདི་དག་ཇི་སྲིད་བསྐལ་པ་མ་སྟོངས་བར་ཕྱི་རབས་བསྟན་འགྲོའི་མིག་རྒྱན་དུ་འཇོག་ཆེད་དཔལ་ལྡན་སྐུ་སྒེར་ཡིག་ཚང་དང༌། ལྷག་པར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་མཛད་འགན་ཆེར་བཞེས་ཀྱིས་ད་ལན་མཛད་རྣམ་དེབ་ཕྲེང་དྲུག་པར་བསྐྲུན་གྱི་དབུ་འབྱེད་མཛད་སྒོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དངོས་སུ་ྋཞབས་སོར་བཀའ་དྲིན་ཆེ་གནང་མཛད་པ་འདི་ཡང་རྩ་ཆེའི་རིན་ཆེན་སྟོང་གིས་ཀྱང་ཁུག་ཏུ་མེད་ཅིང་སྐལ་བཟང་རྫོགས་ལྡན་གྱི་དཔལ་ལ་འགྲན་བཟོད་པའི་དུས་ཚིགས་ཁྱད་དུ་འཕགས་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྐྱེ་འགྲོའི་བདེ་སྐྱིད་ཀྱི་གཞི་རྩ་རིས་སུ་མ་ཆད་པའི་ཆོས་ལུགས་གྲུབ་མཐའ་ཁག་ཕན་ཚུན་འབྲེལ་འདྲེས་ཀྱིས་དག་སྣང་འབྱུང་ཐབས་དང༌། ལྷག་པར་ཏུ་བོད་རྒྱ་མི་རིགས་ཀྱི་དཀའ་རྙོག་གཉིས་སྨན་དབུ་མའི་ལམ་གྱི་བརྒྱུད་ནས་སེལ་ཐབས་སོགས་འཇིག་རྟེན་ཀུན་ཁྱབ་གི་ཐུགས་ཁུར་བཞེས་བཞིན་ཡོད་པ་ས་རིས་ཐང་གསལ་དུ་ཆགས་ཡོད་ནའང༌། རྒྱ་གཞུང་དབང་འཛིན་པ་ཚོས་རྒྱུ་དཔུང་ངོམ་ཁྱེར་གྱིས་འགན་ཁུར་དང་གཞི་རྩ་གང་ཡང་མེད་པའི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང༌། མཛད་རྣམ་རྫུན་བཟོ། བོད་དོན་ལོག་འགྲེལ་སྣ་ཚོགས་ཀྱིས་འཛམ་གླིང་གི་སྐྱེ་བོ་རྣམས་མགོ་བོ་རྨོངས་སུ་འཇུག་ཐབས་བྱས་དང་བྱེད་བཞིན་པའི་སྐབས་འདིར་མཛད་པའི་རང་བཞིན་བརྗོད་པའི་རྣམ་ཐར་འདི་ལྟ་བུ་པར་བསྐྲུན་གནང་ཐུབ་པ་ནི་དུས་ཀྱི་དགོས་མཁོ་དང་རླབས་ཆེན་གྱི་མཛད་རྗེས་ཞིག་ཏུ་མཐོང༌།

མཛད་རྣམ་འདི་ཉིད་པར་བསྐྲུན་གནང་བ་ཙམ་མ་ཡིན་པར་དོན་གཉེར་ཅན་གྱི་ཕྱི་ནང་མི་རིགས་སྤྱི་དང༌། ལྷག་པར་ཤ་རུས་གདུང་རྒྱུད་གཅིག་པའི་རང་རེ་བོད་མི་རྒན་དར་གཞོན་གསུམ་ཀུན་གྱིས་ཞལ་མཇལ་དང་ལྗགས་ཀློག་ཐུབ་པའི་མཐུན་རྐྱེན་ཡང་བསྐྲུན་ཐབས་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང༌། བླ་ན་མེད་པའི་ཆོས་སྲིད་ཀྱི་མཛད་འཕྲིན་ཁག་ལ་བརྟེན་ནས་བོད་གངས་ཅན་པའི་བུ་རབས་ཚ་བརྒྱུད་དང་བཅས་པ་རྣམས་ཀྱིས་ཐུན་མིན་བོད་ཀྱི་གཅེས་ནོར་ཆོས་དང་རིག་གཞུང༌། བསྟན་སྲིད་མི་རིགས་དང་བཅས་པ་འཇིག་ཉེན་ལས་བསྒྲལ་ཞིང་རྒྱུན་འཆང་ཐུབ་ཆེད་རང་གིས་རང་ལ་གོ་བསྐོན་སློབ་གསོ་གནང་སྟེ་རང་རང་གི་ཤེས་འབྱོན་དང་བསྟུན་པའི་འགན་ཁུར་ཆེ་བསྐྱེད་ཀྱིས་ནུས་པ་མཉམ་སྤུངས་དགོས་པའི་དྲན་གསོ་ཞུ་རྒྱུ་ཡིན།

མཛད་རྣམ་འདི་ཉིད་རྩོམ་སྒྲིག་གནང་བའི་བརྒྱུད་རིམ་ཁྲོད་ཕྱི་ནང་གི་མཐུན་རྐྱེན་འཛོམས་མིན་ཅི་རིགས་ལ་བརྟེན་ནས་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་པ་སྨོས་མེད་ཀྱང་དེ་དག་ལ་གདོང་ལེན་གྱིས་ད་ལྟ་དེབ་ཕྲེང་དྲུག་དངོས་སུ་སྤྱན་བསྟར་གནང་ཐུབ་པ་ནི་ལས་ཀྱི་སྣེ་མོ་བ་ཡོངས་ཀྱིས་མཛད་འགན་ལྷུར་བཞེས་གནང་བའི་ཉེར་ལེན་གྱི་འབྲས་བུ་ཞིག་ཡིན་པས་ཀུན་ལ་ལེགས་གསོལ་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། ད་དུང་ཡང་དེ་ལས་ལྷག་པའི་མཛད་འགན་ཆེ་བཞེས་ཀྱིས་མཛད་རྣམ་གྱི་དེབ་ཕྲེང་ཕྱི་མ་རྣམས་ཀྱང་ཀློག་པ་པོ་ཡོངས་ཀྱི་སྤྱན་ལམ་དུ་བསྟར་ཐུབ་པའི་ཡིད་ཆེས་དང་རེ་སྐུལ་ཡང་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ྋཞབས་ཟུང་ཉི་མའི་དཀྱིལ་འཁོར་བོད་གངས་ཅན་གྱི་ཞིང་དུ་མངོན་པར་འཁོད་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས།།

 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༢༦ ལ།།

Share this:
༡༥༤ ཀློག་གྲངས།