ང་རང་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་འོས་མིར་ལངས་རྒྱུ་ཡིན།

 མིང།   དགེ་བཤེས་ཡེ་ཤེས་དགའ་བ། ལུང་ཚན། འབའ་པ། སྡོད་གནས། དྷ་ས། ལས་གནས། ༧རྒྱལ་བའི་མཛད་རྣམ་སྡེ་ཚན་གྱི་རྩོམ་སྒྲིག་པ།

ད་ལན་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་འགོ་འཛུགས་ཟིན་ཏེ་དུས་ཡུན་གང་འཚམས་ཕྱིན་ཡོད་པ་དང་། མང་པོ་ཞིག་གིས་རེ་སྐུལ་དང་རང་ཉིད་ནས་ཀྱང་སྤྱི་འཐུས་ཀྱི་འོས་མིར་ལངས་རྒྱུའི་འདོད་སྤོབས་ཡོད་པར་བརྟེན། གུས་པའི་ལོ་རྒྱུས་ངོ་སྤྲོད་སྙིང་བསྡུས་ཤིག་རྒྱ་ཆེའི་མི་མང་ཡོངས་ལ་མཚམས་སྦྱོར་ཞུ་འདོད་བྱུང་བ་ལགས་ན། ཚང་མས་ཐུགས་ཞིབ་ཀྱིས་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་མཁྱེན་ཞུ།

སློབ་སྦྱོང་གི་བརྒྱུད་རིམ།
002གུས་པའི་མིང་ལ་ཡེ་ཤེས་དགའ་བ་ཟེར་ཞིང་། ཕྱི་ལོ་ ༡༩༧༩ ལོར་ཁམས་འབའ་ཐང་དུ་སྐྱེས། ལོ་ངོ་བཅུ་ཐོག་རྒྱ་གར་དུ་ཡོང་སྟེ་འབྲས་བློ་གླིང་ཆོས་རིག་འཛིན་སྐྱོང་སློབ་གྲྭ་དང། བློ་གླིང་གྲྭ་ཚང། ས་རཱ་མཐོ་སློབ། དབུས་རིགས་ལམ་སློབ་གཉེར་ཁང་བཅས་ཀྱི་ནང་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཁག་ལ་སློབ་གཉེར་བྱས་ཏེ་མཐར་རབ་འབྱམས་པའི་མཚན་གནས་དང་། ཕྱི་ལོ་ ༢༠༠༩ ལོར་དགེ་བཤེས་དམ་འཇོག་ཞུས། སློབ་དུས་སུ་འཛིན་གྲྭའི་ནང་ལོ་ལྟར་ཕལ་ཆེར་རྩེ་ཕུད་ཤ་སྟག་ཐོབ་ཀྱི་ཡོད་པར་བརྟེན། གོང་རིམ་ནས་བཀའ་མངགས་དང་སློབ་གཉེར་བས་འབོད་སྐུལ་ལྟར་སློབ་ཞོར་དུ་འཛིན་གྲྭའི་ནང་བློ་ཁ་དམན་པ་དང་། དོན་གཉེར་ཅན་ཕྱི་ནང་སློབ་གཉེར་བ་མང་པོ་ཞིག་ལ་བོད་ཀྱི་ཡིག་གཟུགས་དང། བརྡ་སྤྲོད། ནང་ཆོས། རིག་གནས་གཞན་སོགས་ཟུར་ཁྲིད་རམ་གདེགས་ཞུས་མྱོང་ཡོད།

སྤྱི་ཚོགས་ཞབས་ཞུའི་རྒྱུས་མྱོངས།
འདས་པའི་བརྒྱུད་རིམ་ནང་གུས་པས་སློབ་གྲྭའི་ནང་སྤྱི་ཁྱབ་འགན་བདག་དང། ལོ་མང་རིང་འབྲས་བློ་གླིང་གོ་བོ་ཁང་ཚན་གྱི་དྲུང་ཡིག དྷ་ས་རིགས་སློབ་ཀྱི་དགེ་བསྐོས། གྲྭ་བཙུན་སྒྲིག་འཛུགས་དོ་དམ་ཚོགས་པའི་ཚོགས་གཙོ་བཅས་ཀྱི་ལས་འགན་བསྒྲུབས།

DSC_240
ཕུན་དབང་མཆོག་གི་རྗེས་དྲན་མཁས་པའི་བགྲོ་གླེང་ཚོགས་འདུའི་སྐབས།

ཕྱི་ལོ་ ༢༠༠༣ ནས་ ༢༠༠༩ བར་དྷ་ས་འབའ་པའི་སྐྱིད་སྡུག་གི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་གཅིག་ལྕོགས། ཕྱི་ལོ་ ༢༠༡༢ ལོར་གཞིས་བྱེས་འབའ་སྡེ་མངའ་རིས་ཞིང་ཁམས་ཀྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་དྲུང་རྩིས་གཅིག་ལྕོགས་ཀྱི་འགན་ཁུར་ཞུས།
ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་སྔ་ཕྱི་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་ཚན་པ་ཆེ་ཆུང་འདྲ་མིན་ལ་རིག་གཞུང་ངོ་སྤྲོད་གཏམ་བཤད་དང་བགྲོ་གླེང་། ནོར་གླིང་མཐོ་སློབ་ཀྱི་བཤད་རྒྱུགས་ཆེན་མོའི་རྒྱུགས་ཞིབ་དཔྱད་བསྡུར་བ་སོགས་སྤྱི་ཚོགས་ཀྱི་ལས་གནས་འདྲ་མིན་ཁག་ལ་འགན་ཁུར་ཞུ་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༩༩ ནས་ད་ལྟའི་བར་མི་ལོ་ ༡༦ རིང་བཞུགས་སྒར་དྷ་རམ་ས་ལ་གཏན་སྡོད་བྱེད་བཞིན་པར་བརྟེན་གཞུང་སྒེར་གྱི་ལས་དོན་སྣ་མང་ཞིག་ལ་རྒྱུས་མྱོངས་ཕྲན་བུ་ཐོབ་ཡོད།

ཕྱོགས་བསྐྱོད་དང་། བོད་དོན་ལས་འགུལ།

DSC00518
༢༠༡༢ ལོར་ཡུ་རོབ་འཇར་མན་དུ་རྒྱལ་སྤྱིའི་ཚོགས་འདུ་ཞིག་གི་སྐབས།

ཕྱི་ལོ་ ༢༠༡༢ ལོར་ཡུ་རོབ་འཇར་མན་དུ་རྒྱལ་ཁབ་ཉེར་གསུམ་གྱི་འཐུས་མི་འདུས་པའི་བགྲོ་གླེང་ཚོགས་འདུར་མཉམས་ཞུགས་དང་ཚོགས་ཐོག་ཏུ་བོད་ནང་ཆོས་དད་རང་དབང་སྐོར་གཏམ་བཤད་སྤེལ།
ཕྱི་ལོ་ ༢༠༡༥ ལོར་ཡུ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ་དང་། པོ་ལནཌེའི་ནང་སློབ་གྲྭ་ཁག་ཅིག་དང། མཐོ་སློབ། ཡེ་ཤུའི་མཆོད་ཁང་བཅས་སུ་བོད་ཀྱི་རིག་གཞུང་སྤྱི་དང་། ནང་ཆོས། དེ་བཞིན་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་སོགས་གཏམ་བཤད་དང་དྲི་བ་དྲིས་ལན་སོགས་བྱས།
ཕྱི་ལོ་ ༢༠༡༤ ལོར་འབའ་པ་ཕུན་ཚོགས་་དབང་རྒྱལ་མཆོག་གི་རྗེས་དྲན་མཁས་པའི་བགྲོ་གླེང་ཚོགས་འདུའི་གོ་སྒྲིག་པ་དང་གཙོ་སྐྱོང་བ། རྒྱུན་ལྡན་མར་མེ་ཁྲོམ་སྐོར་དང་བགྲོ་གླེང་ཚོགས་འདུ་ཁག་ལ་གཏམ་བཤད་དང་། ཟབ་སྦྱོང་ཕུལ་བ། བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་སྐབས་ཚོགས་ཆུང་གཉིས་པའི་སྤྱི་མོས་ཚོགས་དྲུང་བྱས་པ་སོགས་ད་ལྟའི་བར་བོད་དོན་ལས་འགུལ་སྣ་ཚོགས་ཤིག་བསྒྲུབས་དང་སྒྲུབ་མུས་ཡིན།

DSC_5807
རཱ་མཐོ་སློབ་ཏུ་ལོ་ཙཱ་བའི་ཚོགས་འདུ་ཞིག་ནང་གཏམ་བཤད་སྤེལ་བཞིན་པ།

དཔེ་དེབ་གསར་རྩོམ་དང། ཡིག་སྒྱུར།
ཕྱི་ལོ་ ༡༩༩༩ ལོར་༼གངས་སུལ་གྱི་རོལ་དབྱངས༽འདོན་ཐེངས་དང་པོའི་རྩོམ་སྒྲིག་པ་དང་།
ཕྱི་ལོ ༢༠༠༩ ལོར་རྩོམ་སྒྲིག་བྱས་པའི་༼འབའ་ཐང་གི་ལོ་རྒྱུས་སྲིད་པ་རྒན་པོའི་ངག་སྒྲོས་སེམས་ཀྱི་ཉི་ཟླ༽ཞེས་པ་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་མིང་ཐོག་ནས་དཔར་སྐྲུན་དང་། སྐབས་དེའི་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ནས་དབུ་འབྱེད་གནང།
ཕྱི་ལོ་ ༢༠༡༢ ལོར་ཨིན་ཡིག་ནས་ཕབ་སྒྱུར་ཞུས་པ་༼ཕཱེ་ཌོ། Phaedo ནུབ་ཕྱོགས་པའི་མཚན་ཉིད་རིག་པའི་རྣམ་བཤད་ལས་སེམས་ཀྱི་རང་བཞིན་ལ་དཔྱད་པ༽ཞེས་པ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་དཔར་སྐྲུན་འགྲེམ་སྤེལ་གནང་།
ཕྱི་ལོ་ ༢༠༡༣ ལོར་རྩོམ་སྒྲིག་བྱས་པའི་༼གཞིས་བྱེས་འབའ་སྡེ་མངའ་རིས་ཞིང་ཁམས་ཀྱི་བརྟན་བཞུགས་ཆེན་མོ།།༽ཞེས་པ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་དཔར་སྐྲུན་དང་འགྲེམ་སྤེལ་གནང་།
དཔར་སྐྲུན་བྱེད་འཆར་ཡོད་པ། ཕུན་དབང་གི་སྐུ་ཚེའི་ལོ་རྒྱུས་དང་བོད་ཀྱི་ལས་དབང་ཞེས་པའི་དེབ་གཅིག་དང་། དེ་མིན་ལོ་མང་རིང་གསར་ཤོག་དང་དུས་དེབ་ཁག་ཏུ་སྤེལ་བའི་དཔྱད་བརྗོད་རྩོམ་ཡིག་དང་སྒྱུར་རྩོམ་སོགས་ཕྱོགས་སྒྲིག་བྱས་པའི་སྤྱི་ཚོགས་དཔྱད་བརྗོད་སྐོར་དེབ་གཅིག་བཅས་མི་རིང་བར་དཔར་སྐྲུན་བྱ་རྒྱུ།

IMG_8821
༢༠༠༩ ལོར་ཆོས་རིག་བཀའ་བློན་མཆོག་ནས་གུས་པའི་རྩོམ་དེབ་དབུ་འབྱེད་གནང་བཞིན་པའི་སྐབས།

ད་ལྟའི་ལས་གནས།
༢༠༠༩ ནས་ད་ལྟའི་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་རྩོམ་སྒྲིག་སྡེ་ཚན་ནང་རྩོམ་སྒྲིག་པ་དང་ཡིག་སྒྱུར་གྱི་ཞབས་ཞུ་སྒྲུབ་མུས།
༢༠༡༡ ནས་ད་ལྟའི་བར་དྷ་སའི་མི་མང་གིས་འོས་འདེམས་བྱུང་བ་ལྟར་དྷ་ས་ས་གནས་གྲོས་ཚོགས་ཀྱི་འཐུས་མི་ལས་ཐོག
རྒྱལ་སྤྱིའི་རྒྱ་བོད་སྨྱུག་ཚོགས་ཀྱི་ཚོགས་མི། འབའ་སྡེ་མངའ་རིས་ཞིང་ཁམས་ཀྱི་ཤེས་ཡོན་ཐེབས་རྩ་ཚོགས་པའི་སློབ་སྟོན་པ་དང་དྷ་ས་འབའ་པའི་སྐྱིད་སྡུག་གི་སློབ་སྟོན་པ།
ཡུ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་(Linhart Foundation)ལིང་ཧ་ཌེ་ཐེབས་རྩ་ཚོགས་པའི་བོད་དོན་འབྲེལ་མཐུད་འགན་འཛིན་དང་། དེ་གའི་རྒྱལ་སའི་ནང་གསར་འཛུགས་བྱེད་བཞིན་པའི་བོད་ཁང་གི་(Tibet House)འགན་འཛིན་ལས་རོགས་བཅས་ཀྱི་འགན་ཁུར་ཞུ་མུས་ཡིན།

དམིགས་ཡུལ་དང་ཕུགས་བསམ།

DSC_3393
བོད་ཀྱི་དཔེ་མཛོད་ཁང་དུ་མཁས་པའི་བགྲོ་གླེང་ཚོགས་འདུའི་གོ་སྒྲིག་པ་དང་གཙོ་སྐྱོང་བའི་འགན་ཁུར་ཞུ་བཞིན་པ།

༡༽ གལ་ཏེ་རང་ཉིད་སྤྱི་འཐུས་ནང་སླེབས་པ་ཡིན་ན། ༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པའི་བྱ་བ་གང་ཞིག་བསྒྲུབ་དགོས་ཀྱང་འཇིགས་ཞུམ་ཆགས་སྡང་མེད་པར་འབད་བརྩོན་ལྷོད་མེད་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད།
༢༽ གལ་ཏེ་རང་ཉིད་སྤྱི་འཐུས་ནང་སླེབས་པ་ཡིན་ན། མི་མང་གིས་བསྐོས་པའི་མི་མང་གི་འཐུས་མི་ཞིག་ཡིན་སྟབས། མི་མང་གི་མངོན་འདོད་དང་མི་མང་གི་བདེ་བ་སྡུག་བསྔལ་ལ་དམིགས་བསལ་འགན་ཁུར་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད།
༣༽ གལ་ཏེ་རང་ཉིད་སྤྱི་འཐུས་ནང་སླེབས་པ་ཡིན་ན། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་བཙན་བྱོལ་ནང་མ་འོངས་བུ་རབས་ཚ་བརྒྱུད་ཚོའི་ཤེས་ཡོན་ཡར་རྒྱས་དང་། ཉམ་ཐག་ལ་རོགས་སྐྱོར། བོད་ནས་ཡོང་མཁན་རྣམས་ལ་དམིགས་བསལ་ལྟ་རྟོག་བྱ་རྒྱུ་བཅས་མདོར་ན་ད་ལན་རང་ངོས་ནས་ལྷག་བསམ་འབད་པ་ཆེན་པོས་༸གོང་ས་མཆོག་གི་དབུ་འོག་དཔུང་འདེགས་དང་། བོད་མི་མང་ལ་ཧུར་ཐག་འབད་ཐག་གིས་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་བཅས་སོ།།

འབྲེལ་གཏུག་གནང་ཡུལ།

མྱུར་འཕྲིན་ཁ་བྱང་། yakga070@yahoo.co.in

སྐད་འཕྲིན་ཁ་བྱང་དང་ཁ་པར་ཨང་གྲངས། 8679870608

 

Share this:
༣༣༢ ཀློག་གྲངས།