མང་ཚོགས་ནང་གཞོན་ལྷན་ལ་མཐོང་ཚུལ་ཞིག་ཡོང་རྐྱེན་དེར་དཔྱད་ཞིབ་དགོས་རེད།

ཟླ་འདིའི་ཚེས་༢༤ ནས་ཉིན་དྲུག་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༦པ་དེ་རྒྱ་གར་རྒྱལ་ས་ལྡི་ལིའི་བསམ་ཡས་གླིང་བོད་མིའི་གཞིས་སྒར་གྱི་ཆུ་སྒང་དཔའ་བོའི་རྗེས་དྲན་ཚོགས་ཁང་དུ་འཚོགས་ཡོད་པ་རེད།

ལྷན་ཚོགས་དེའི་ཐོག་མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་གྲོས་གཞི་དོན་ཚན་ ༡༡ ཐོག་གྲོས་སྡུར་གྱིས་གྲོས་ཆོད་འཇོག་རྒྱུ་དང་། ས་གནས་ཁག་༣༥ནས་ས་གནས་གཞོན་ནུའི་སྐུ་ཚབ་རྒྱུན་ལས་མི་གྲངས་༡༣༠ ལྷག་ཚོགས་ཞུགས་བྱས་ཡོད་པ་རེད།

ཉིན་དང་པོའི་འགན་འཛིན་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་དང་། ཆུ་སྒང་དབུས་ཚོགས་གཙོ་པདྨ་བདེ་ལེགས། ས་གནས་བརྒྱ་དཔོན་སྐལ་ལྡན་ཚེ་ ། ས་གནས་བེུད་ཚོགས་པའི་ཚོགས་གཙོ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཁག་ཅིག་ཕེབས་ཡོད་པ་རེད།

rty66མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་གིས་སྤྱི་ཡོངས་ཀྱི་གཞོན་ནུའི་གལ་ཆེའི་གནས་བབ་ཐོག་གསུང་དོན། “དུས་རྒྱུན་ཁྱིམ་ཚང་གཅིག་གི་ནང་ལ་ཡིན་ན་ཡང་རེད། སྤྱིར་སྤྱི་ཚོགས་དང་རྒྱལ་ཁབ་གང་འདྲ་ཞིག་ཡིན་ན་ཡང་གཞོན་ནུ་ཚོའི་ཤེས་ཡོན། ལྷག་བསམ། འཇོན་ཐང་། སེམས་ཁུར་དེ་ཚོར་བརྟེན་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཚགས་ཚུད་པོ་གང་འདྲ་ཡོད་མེད་དེ་གསལ་པོ་ཆགས་ཀྱི་ཡོད་པ་རེད།”ཅེས་གསུངས་པ་དང་། ཡང་ཁོང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐོར་གསུང་དོན་ “དེ་རིང་འདིར་ང་རང་ཚོའི་བོད་པའི་གཞོན་ནུ་ལྷན་ཚོགས་ཚོགས་ཡོད་པ་རེད། ལྷན་རྒྱས་ཚོའི་སེམས་ཁུར། ལྷག་བསམ། ཤེས་ཡོན་དེ་ཚོ་ང་ཚོའི་བོད་པའི་བདེ་དོན་དང་གནད་དོན་ཐོག་ལ་ཞེ་དྲག་གི་ནུས་པ་དང་ཕན་འབྲས་ཡོད་པ་ཆགས་བསྡད་ཡོད་རེད། དེར་བརྟེན་གཞོན་ནུ་ཚོགས་པ་འགོ་འཛུགས་དུས་ནས་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེས་ཧ་ཅང་གིས་མཉེས་པོ་གནང་ཡོད་པ་དང་། བཙན་བྱོལ་སྒྲིག་འཛུགས་དང་མི་མང་ཡོངས་ཀྱིས་ཆེ་མཐོང་དང་རྒྱབ་སྐྱོར་གནང་སའི་སྒྲིག་འཛུགས་གཅིག་ཆགས་ཡོད་པ་རེད། དགྲ་བོ་ཡིན་ནའི་ན་ཟུག་གཏོང་ས་ཆགས་ཡོད་པ་རེད། འདི་ལྟར་ལོ་ངོ་ ༤༥ རིང་ལ་མང་ཚོགས་ནང་ནས་ཁ་མིག་ཡར་ལྟ་བྱེད་སའི་སྒྲིག་འཛུགས་ཤིག་ཆགས་པ་འདི། སྒྲིག་འཛུགས་ལ་ནུས་པ་ཡོད་པས་རེད། འོན་ཀྱང་བར་ལམ་ཞིག་ནས་ང་རང་ཚོའི་སྤྱི་ཚོགས་ནང་མང་ཚོགས་ཚོས་སྒྲིག་འཛུགས་ལ་མཐོང་ཚུལ་ཏོག་ཙམ་བྱུང་ཡོད་པ་དེ་དངོས་ཡོད་ཆགས་ཡོད་པ་བརྟེན། མཐོང་ཚུལ་གྱི་ཡོང་རྐྱེན་ལ་ལྷན་རྒྱས་ཚོས་དཔྱད་ཞིབ་གནང་རྒྱུ་ཧ་ཅང་གལ་ཆེན་རེད་བསམ་གྱི་འདུག ང་ཚོ་བོད་པའི་སྤྱི་ཚོགས་དེ་མང་གཙོའི་སྤྱི་ཚོགས་ཤིག་རེད། མང་གཙོའི་སྤྱི་ཚོགས་ནང་ལ་ལྟ་བ་འདྲ་མི་འདྲ། ལངས་ཕྱོགས་འདྲ་མི་འདྲ་ཡོང་རྒྱུ་དེ་མིའི་ཆོས་ཉིད་རེད། དེ་ཡོང་ཆོག་གི་རེད། དེ་ཡོང་བ་དེ་མང་གཙོ་ཚད་དང་ལྡན་པ། མིང་དོན་མཚུངས་པ། དོན་དང་ལྡན་པ་ཞིག་ཡིན་པ་མཚོན་ཐུབ་པ་རེད། ཡིན་ན་ཡང་ང་ཚོའི་གཞོན་ནུའི་འགན་ལེན་མཁན་རེ་ཟུང་གི་ཐོག་ནས་བོད་པའི་གཏམ་དཔེ་(དགྲ་ཤར་ལ་བཞག གཏོར་མ་ནུབ་ལ་བརྒྱབ) ཟེར་བ་ལྟར་རྒྱལ་བ་རིན་པོ་ཆེས་འདོན་གནང་མཛད་དབུ་མའི་ལམ་གྱི་གྲོས་འཆར། བོད་མི་མང་དང་སྤྱི་འཐུས་ཀྱིས་རྒྱབ་སྐྱོར་དང་མང་མོས་ཀྱིས་གཏན་ལ་ཕབ་པ་ཞིག་ཆགས་ཡོད་པ་དེ། རྒྱ་མི་དང་ཞི་མོལ་མ་བྱུང་བ་དེ་ཕར་རྒྱ་མིར་ཁ་གཏད་ནས་རྒྱ་མིར་སྐྱོན་འཛུགས་དང་ཉེས་འཛུགས་བྱེད་རྒྱུའི་ཚབ་ལ་ཚུར་ཁ་ལྟས་ནས་བོད་གཞུང་གིས་མ་འགྲིག་པ་རེད། བོད་གཞུང་དང་རྒྱལ་བ་རིན་པོ་ཆེས་བོད་པའི་རྩ་དོན་བློས་བཏང་བ་རེད་ཟེར་བའི་ཉེས་མེད་ཉེས་འཛུགས་བྱས་པའི་རྐྱེན་བྱས་ནས་ང་ཚོ་གཞོན་ནུའི་སྒྲིག་འཛུགས་ལ་ལྟ་ཚུལ་མཐོང་ཚུལ་བྱུང་བ་རེད་མ་གཏོགས། གཞོན་ནུས་རང་བཙན་བརྩད་ནས་ང་ཚོའི་སྤྱི་ཚོགས་ནང་འགལ་རྐྱེན་ཆགས་པ་རེད་དྲན་གྱི་མིན་འདུག

ཡིིན་ནའི་ང་ཚོས་རང་བཙན་བརྩོད་སྐབས། ཐོབ་ཐང་ཡིན་ཟེར་ནས་ལམ་ཆུང་ནང་ལ་མཛུབ་མོ་གནམ་ལ་བརྐྱང་ནས་སྐད་རྒྱག་རྒྱུ་དང་རྒྱ་མིའི་གཞུང་ཚབ་ནང་ལ་ཐེངས་མ་རེ་གཉིས་ཕར་འཛུལ་ནས་ང་ཚོར་རང་བཙན་ཐོབ་ཀྱི་རེད་དམ། ཐོབ་ཀྱི་མ་རེད་པ། འཐབ་རྩོད་བྱེད་སྟངས་དེ་གཅིག་པུ་མ་རེད་པ། ད་ང་ཚོས་གང་བྱེད་དགོས་ཀྱི་འདུག མིའི་བསམ་བློར་འགྱུར་བ་བཏང་ཡག་ལ་ག་རེ་བྱེད་དགོས་ཀྱི་འདུག དེ་འདྲའི་ཐོག་ལ་བསམ་བློ་བཏང། འབད་བརྩོན་བྱས། དེ་རིང་འགན་ལྷན་ཐོག་ནས་གྲོས་བསྡུར་གནང་ཐུབ་ན་ཡག་པོ་ཡོད་རེད་དྲན་གྱི་འདུག། དེ་ནས་དེ་རིང་ཁ་སང་རྒྱ་མིས་དེབ་ཐེར་དཀར་པོའི་ནང་བོད་དེ་རྒྱ་ཁོངས་ཡིན་པའི་གནས་ཚུལ་རྒྱུན་མ་ཆད་པར་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད། འདི་འདྲ་བྱས་ནས་འཛམ་གླིང་ནང་ནས་བོད་འདི་རྒྱ་ནག་དང་ཐ་དད་རེད་དམ་མ་རེད་དྲི་བ་ཡོང་གི་ཡོད་རེད། རྒྱ་མིས་ཁྱོག་བཤད་དེ་འདྲ་མང་པོ་ཞིག་བྱས་ཡོད་རེད་ཀྱང་། གཞོན་ནུས་བོད་དེ་རང་བཙན་གཙང་མ་ཡིན་པའི་དེབ་ག་ཚོད་གཏོན་ཡོད་པ་རེད། ཡིག་ཆ་ག་ཚོད་བཀྲམ་ཡོད་པ་རེད། དྲིལ་བསྒྲགས་ག་ཚོད་བྱས་ཡོད་རེད། རྒྱལ་སྤྱིའི་ནང་ལ་དེ་ཚོ་ཁྱབ་བསྒྲགས་བྱེད་རྒྱུ་ལ་ཕྱོགས་བསྐྱོད་ག་ཚོད་ཙམ་བྱས་འདུག ལོ་གཅིག་གི་ནང་ལ་དངུས་རྩིས་ག་ཚོད་ཙམ་བཞག་ཡོད་རེད། དེ་ཚོར་གཞོན་ནུས་ཞིབ་འཇུག་དང་དགོངས་པ་བཞེས་རྒྱུ་དེ་གལ་ཆེན་པོ་རེད་དྲན་གྱི་འདུག” ཅེས་གསུངས་སོང་།

ཡང་ཁོང་གིས་ས་གནས་ཁག་བརྒྱད་གཞོན་ལྷན་ནས་ཕྱིར་ཐོན་པའི་གནད་དོན་ཐོག་གསུང་དོན། “ད་དེ་ནས་ཡིད་སྐྱོ་བའི་གནས་ཚུལ་དེ་གཞོན་ནུར་ས་གནས་བརྒྱད་བཅུ་གྱ་གྲངས་ཅིག་ཡོད་རེད་ཟེར་གྱི་ཡོད་དེ། དེའི་ནང་ནས་ས་གནས་རྒྱད་ཅིག་ལྟ་བ་མཐུན་མིན་ལ་བརྟེན་ནས་ལོགས་སུ་ཐོན་ཡོད་པ་དེ་རེད། དེ་ཐབས་སྐྱོ་པོ་རེད་དྲན་གྱི་འདུག ཆིག་སྒྲིལ་གྱི་ནུས་པ་འདོན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན་གཞོན་ནུའི་སྒྲིག་འཛུགས་དེ་ཆིག་སྒྲིིལ་ཡོད་པ་ལ་བརྟེན་ནས་བོད་པའི་མི་མང་གིས་ཆེ་བསྟོད་བྱེད་དགོས་པ། སྤོབས་པ་བྱེད་དགོས་པ། ང་ཚོའི་ཁ་གཏད་ཀྱི་སྡང་སེམས་བྱེད་དགོས་པ། དོགས་ཟོན་བྱེད་དགོས་པ། དེ་འདྲ་ཆགས་ཡོད་རེད། ཁ་ཐོར་ལ་སོང་ན་ང་ཚོའི་ནུས་པ་དེ་བརླགས་འགྲོ་ཡི་རེད་བསམ་གྱི། དེར་བརྟེན་ད་ལྟ་བར་དུ་ཕན་ཚུན་ཆིག་སྒྲིལ་ཡོང་བ་ལ་འབད་བརྩོན་གནང་བསྡད་ཀྱི་ཡོད་ས་རེད། དེ་གནང་དགོས་པ་ཞེ་དྲག་གལ་ཆེན་པོ་རེད་བསམ་གྱི་འདུག།” ཅེས་གསུངས་སོང་།

ཡང་ཁོང་གིས་༸རྒྱལ་བའི་བཀྲིན་རྗེས་དྲན་ཞུ་ཕྱོགས་ཐད་གསུང་དོན། “དེ་ནས་རྒྱལ་བ་རིན་པོ་ཆེའི་བཀྲིན་རེེད། རྒྱལ་བ་རིན་པོ་ཆེའི་བཀྲིན་ཟེར་བ་དེ་ང་ཚོས་རྒྱལ་བ་རིན་པོ་ཆེ་རྒྱལ་ཀུན་སྙིང་རྗེའི་རང་གཟུགས། བོད་ཁ་བ་གང་ཅན་གྱི་ལྷ་སྐལ་རེད་ཟེར་ནས་རྨོང་དད་བྱས་བསྡད་པ་དེ་མ་རེད་པ། ང་ཚོས་ཐོག་མར་བཙན་བྱོལ་ནང་ག་འདྲ་བྱས་ནས་བསླེབས་པ་རེད། དེ་དུས་གནས་སྟངས་ག་འདྲ་ཡོད་པ་རེད། གནས་སྟངས་སྐྱོ་པོ་དེ་འདྲ་ཞིག་ནས་རྒྱལ་བ་རིན་པོ་ཆེས་དཀའ་ལས་བརྒྱབ་ནས་དེ་རིང་ཁ་སང་གི་ང་ཚོའི་སྤྱི་ཚོགས་ཀྱི་གནས་བབ་དེ་ག་ལ་སླེབས་འདུག སྒེར་སོ་སོའི་གནས་བབས་ག་ལ་སླེབས་འདུག འཛམ་བུ་གླིང་ནང་ལ་བོད་ཀྱི་གནད་དོན་དེ་ག་ལ་སླེབས་འདུག རྒྱ་མི་ཡིན་ན་བོད་པའི་གནད་དོན་དེ་གལ་ཆེ་ཤོས་གཉིས་པ་དེ་བརྩི་དགོས་པ་ཆགས་ཡོད་རེད། དེ་འདྲ་ཆགས་པ་དེ་སུའི་བཀྲིན་རེད། སུའི་འཇོན་ཐང་རེད། བོད་ནང་ལ་ཡིན་ནའི་དཀའ་ངལ་གང་འདྲ་ཡོད་མིན་ལ་མ་ལྟོས་པར་ཐ་ན་སྲོག་ཡན་ཆད་བློས་བཏང་ནས་བྱེད་པ་དེ་སུ་ལ་རེ་བ་བྱས་ནས་བྱེད་ཀྱི་ཡོད་པ་རེད། ང་ཚོས་འཛམ་བུ་གླིང་སུ་གང་ལ་ཡང་མེད་པའི་དབུ་ཁྲིད་ཅིག་ཡོད་པ་དེའི་བཀྲིན་ཤེས་པའི་ཐོག་ནས་བཀྲིན་རྗེས་དྲན་བྱེད་སྐབས་ཀྱང་ངེས་པ་རྙེད་པའི་ཐོག་ནས་ཞུ་དགོས་ཀྱི་རེད། དེ་ལྟར་མ་བྱས་པར་རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་ལ་གང་འདྲ་ཡིན་ནམ་སྙམ་པའི་དོགས་པ་ཐེ་ཚོམ་གྱི་བློ་སྐྱེ་བ་དེ་འདྲ་ལྷན་ཚོགས་འདིའི་ནང་ཡོད་མ་རེད་ལ། དེ་གསལ་པོ་བཟོ་དགོས་ཀྱི་རེད་དྲན་གྱི། གལ་སྲིད་དེ་འདྲ་ཡོད་པ་ཡིན་ན་གཞོན་ནུ་ལྷན་ཚོགས་འདི་སྤྱི་ཚོགས་ནང་གནས་ཤེས་ཀྱི་མ་རེད་ལ། གནས་ན་ཡང་ཕན་ཐོགས་མེད་པ་ཞིག་ཆགས་ཀྱི་རེད་པ།” ཞེས་གསུང་བཤད་གནང་ཡོད་པ་རེད།

གཞན་ཡང་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས་ཉེ་ཆར་ཨ་མི་རི་ཀའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་མ་བཏང་ཚེ། ནིའུ་ཡོག་ས་གཞོན་དབུས་ཀྱི་ཁྱབ་ཁོངས་འོག་གནས་ཐུབ་ཐབས་མེད་སྐོར་གྱི་ཡི་གེ་འབྱོར་ཡོད་པ་ལུང་འདྲེན་དང་འབྲེལ་གསུང་དོན། “སྤྱིར་ང་ཚོ་གཞོན་ནུ་ལྷན་ཚོགས་དབུས་ས་མཐུན་མོང་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པ་དང་། ས་གཞོན་ཁག་ཡིན་ན་ཡང་སྔ་ཕྱི་བར་གསུམ་དུ་སྒེར་གྱི་ལས་དོན་མང་པོ་གཅིག་བློས་གཏོང་གིས་བོད་སྤྱི་པའི་ལས་དོན་ཐོག་ལ་ནུས་པ་སྤུངས་ནས་གང་ཙམ་གྱི་ལས་དོན་བསྒྲུབས་དང་སྒྲུབ་མུས་སུ་ཡོད་པ་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་ད་ལྟ་ང་ཚོའི་ས་གནས་ཁག་ཅིག་སྒྲིག་འཛུགས་ནས་མར་དᨕན་བཞིན་པ་དེ། བློ་ཕམ་པའི་གནས་ཚུལ་ཞིག་རང་རེད། གཞོན་ནུའི་སྒྲིག་གཞི་དེ་ཧ་ཅང་གི་རྩ་ཆེན་པོ་རེད། དེ་ལ་རྩི་འཇོག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་ཁ་ལག་ནང་བཞིན་རང་གི་འདོད་པ་ལྟར་འདེམས་སྒྲུག་བརྒྱབ་ན་འགྲིག་གི་མ་རེད།” ཅེས་སོགས་གསུངས་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།

 

Share this:
༡༡༡ ཀློག་གྲངས།