ཆབ་སྲིད་བཙོན་པ་རུང་རྒྱས་ཨ་གྲགས་གློད་གྲོལ་ཐོབ་ཡོད་པ་རེད།

542731ཟླ་འདིའི་ཚེས་ ༣༠ ཉིན་བོད་ནང་གི་མཚན་མོའི་ཆུ་ཚོད་དང་པོར། ཆབ་སྲིད་བཙོན་པ་གྲགས་ཅན་རུང་རྒྱས་ཨ་གྲགས། རྒྱ་ནག་གཞུང་གིས་ “རྒྱལ་ཁབ་མགོ་རྟིང་སློག་པའི་ནག་ཉེས་” འོག་ནས་བཙོན་འཇུག་ཁྲིམས་ཆད་མི་ལོ་༨ ཧྲིལ་པོ་ཚང་སྟེ་གློད་གྲོལ་བཏང་འདུག
༢༠༠༧ ལོའི་ཕྱི་ཟླ་༨ ཚེས་༡ ཁོང་རྒྱ་གཞུང་གིས་འཇུ་བཟུང་བྱས་པ་དང་། བོད་དོན་ ལ་རྒྱབ་སྐྱོར་གནང་མཁན་གྱི་སྲིད་གཞུང་དང་ཚོགས་སྡེ་ཁག ཆབ་སྲིད་མི་སྣ་དང་ལས་འགུལ་བ། དམིགས་བསལ་ཁོང་གི་ནང་མི་དང་བཟའ་ཟླ་བུ་ཕྲུག གྲོགས་གཉེན་ཚན། གྲོང་ཁྱིམ་མཚེས་སོགས་ཀྱིས། རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་དང་གདུང་སེམས་མཉམ་སྐྱེད་ལས་འགུལ་འདྲ་མིན་སྤེལ་ཡོད་པ་རེད།

རུང་རྒྱས་ཨ་གྲགས་དང་མཉམ་དུ་འཇུ་བཟུང་བྱས་པ་ཚོའི་པར།
རུང་རྒྱས་ཨ་གྲགས་དང་མཉམ་དུ་འཇུ་བཟུང་བྱས་པ་ཚོའི་པར།

ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༡ ཉིན་ལོ་དེའི་ལི་ཐང་གི་རྟགས་རྒྱུགས་དུས་ཆེན་སྲུང་བརྩིའི་ལས་རིམ་མགོ་བཙུགས་ཏེ། གུར་ཆེན་འོག་གྲ་སྒྲིག་བྱས་པའི་སྡིངས་ཆའི་ཐོག ལས་རིམ་སྒྲོག་སྦྱང་པས་རྒྱང་བསྒྲགས་ནས་དུས་ཆེན་གྱི་ལས་རིམ་སྒྲོགས་སྦྱང་བྱེད་བཞིན་པའི་སྐབས། རུང་རྒྱས་ཨ་གྲགས་ཀྱིས་སྡིངས་ཆའི་ཐོག་སོང་ནས་རྒྱངས་བསྒྲགས་ཁ་པར་བླངས་ཏེ་“རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་’’ “པཎ་ཆེན་རིན་པོ་ཆེ་དང་སྤྲུལ་སྐུ་བསྟན་འཛིན་ལེགས་ཀྱི་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་” “ང་ཚོ་བོད་ལ་རང་དབང་དགོས” རྒྱལ་བ་རིན་པོ་ཆེ་ནི་ང་ཚོ་བོད་ཀྱི་ནང་སྙིང་ལྟར་བུ་ཡིན། བོད་མི་རྣམས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དགོས་ཞེས་སྐད་འབོད་གནང་བ་དང་། ཁོང་རྒྱ་གཞུང་གིས་འཛིན་བཟུང་བྱས། ས་གནས་མང་ཚོགས་སྟོང་ཚོ་མང་པོ་རྫོང་ཉེན་རྟོག་ལས་ཁང་དུ་བཅར་ཏེ་ཁོང་གློད་གྲོལ་གཏོང་དགོས་པའི་ཞུ་འབོད་རིམ་པ་བྱས་པ་དང་། ཡུལ་སྡེ་ཐག་རིང་ནས་ཡིན་པའི་མང་ཚོགས་ཁྱུ་དང་ཁྱུ་ལི་ཐང་རྫོང་གི་མཐར་བསྐོར་དུ་གུར་སྒར་བརྒྱབ་སྟེ་ཉིན་གྲངས་མང་པོའི་རིང་ངོ་རྒོལ་བྱས་ཀྱང་། ཐར་རྒྱ་གཞུང་གིས་མང་ཚོགས་ཀྱི་རེ་སྐུལ་ལ་ཡ་ལན་མེད་པར་དམག་མི་ཁྲི་ཚོ་མང་པོ་བཏང་སྟེ་མ་མང་བཀག་འགོག་དང་། ཁོང་ལ་ལོ་ ༨ ཀྱི་ཁྲིམས་ཐག་བཅད། ཁོང་གི་ཚ་བོ་ལི་ཐང་དགོན་ཆེན་གྱི་དབུ་མཛད་དང་དོ་དམ་པ་ཟུར་བ་ཨ་ཀྲུག་བློ་སྦོ་ལ་ལོ་ ༡༠ དང་། སྒྱུ་རྩལ་པ་འཇམ་དབྱངས་ཀུན་མཁྱེན་ལ་ལོ་༩ ། ཁོང་གི་ཚ་བོ་ཨ་ཀྲུག་སྐལ་བཟང་རྒྱ་མཚོ་ལ་ལོ་༥ ། བློ་ཐོག་ལ་ལོ་ ༣ ། འཇམ་དབྱང་བསྟན་འཛིན་ལ་ལོ་༣ ། (ཁོང་ལོ་དུས་ཚང་ནས་གློད་གྲོལ་བཏང་ཡང་སླར་ཡང་འཛིན་བཟུང་གི་ལོ་གསུམ་ཁྲིམས་ཐག་བཅད།) བདེ་སྐྱིད་གྲོང་པ་བློ་བཟང་ཕུན་ཚོགས་ལ་ལོ་ ༡ དང་ཕྱེད་ཀྱི་བཙོན་འཇུག་ཁྲིམས་ཐག་ཆད་བཏང་།
གོང་ཞུས་ཁོང་དང་འབྲེལ་ཡོད་ཚོ་རིམ་པ་བཙོན་འཇུག་ཁྲིམས་ཆད་ཀྱང་། “ཕྱི་རྒྱལ་ཁ་བྲལ་སྟོབས་ཤུགས་དང་ལག་འབྲེལ་བྱས་པ་” ཟེར་བ་དང་། “ཁ་བྲལ་ལས་འགུལ་བ་ལ་གསང་བ་ཕྱིར་གྱར་” ཟེར་བ་སོགས་ཉེས་མེད་ཉེས་འཛུགས་བྱས་ཏེ་ཁྲིམས་ཐག་བཅད་པ་རྣམས། ཁྲིམས་ཆད་ཀྱི་དུས་ཡུན་རྫོགས་ནས་རིམ་པས་གློད་གྲོལ་བཏང་ཟིན།
ཟླ་འདིའི་ཚེས་ ༣༠ ཉིན་གྱི་མཚན་མོ་རུང་རྒྱས་ཨ་གྲགས་ཁྱིམ་དུ་བསྐྱལ་པ་དང་། དེ་སྔོན་རྒྱ་གཞུང་གིས་ཁོང་ཕེབས་བསུ་བྱེད་མི་ཆོག་པ་དང་། མི་གཉིས་མཉམ་དུ་ཁོང་ལ་བལྟ་བར་འགྲོ་མི་ཆོག་ཟེར་བ་སོགས། བཀོད་ཁྱབ་ཉེན་བརྡ་བཏང་ཡོད་ཚོད་འདུག་པ་དང་། ལིི་ཐང་ས་ཁུལ་དུ་དམ་དྲག་ཀྱང་གང་འཚམས་བྱེད་བཞིན་ཡོད་འདུག འོན་ཀྱང་། དེང་སྐབས་མི་མང་གིས་ཁོང་ལ་འཚམས་འདྲི་བཅར་པ་སོགས། གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད་པའི་གནས་ཚུལ་ཡོད་པ་རེད། བོད་ཀྱི་ཆབ་སྲིད་བཙོན་པ་ཚོ་གློད་གྲོལ་སྐབས་མི་མང་གིས་དགའ་བསུའི་སྣེ་ལེན་ཤུགས་ཆེན་བྱེད་ཀྱི་ཡོད་པས། དེང་སྐབས་རྒྱ་གཞུང་གིས་མི་མང་ཡོང་མ་བཅུག་པར་མཚན་དཀྱིལ་ཙམ་ལ་ནང་དུ་སྐྱེལ་གྱི་ཡོད་པ་རེད། །

Share this:
༤༦ ཀློག་གྲངས།