རང་དབང་རྡོག་རོལ་དང་རྒྱུ་ནོར་གྱོང་གུད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༥༣ ཕྱི་ལོ་ ༢༠༡༥/༧/༢༩
རྒྱ་དམར་དྲག་པོའི་གཞུང་ནི་སྤྱི་དམངས་ཀྱི་རང་དབང་ལ་རྡོག་རོལ་གཏོང་མཁན་ཆེས་སྡུག་ཤོས་གྲས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང། མི་མང་གི་ངོས་ནས་བལྟས་ཚེ་སྲིད་གཞུང་གིས་གཉའ་ནོན་ཇི་ལྟར་བྱས་པའི་རྒྱབ་ལྗོངས་དང་རྒྱུ་མཚན་གནས་སྟངས་སོགས་ཚང་མར་ངོས་འཛིན་གསལ་པོ་ཐོབ་མཁན་དག་གི་ངོས་ནས་རང་སྲོག་བློས་གཏོང་དགོས་ཀྱང་ཕངས་སེམས་མེད་པ་ཞིག་ཏུ་གྱུར་ཡོད་པ་རེད། རྒྱ་གཞུང་གི་ངོས་ནས་ཕྱོགས་གང་སར་ཡར་རྒྱས་གོང་འཕེལ་གྱི་རྣམ་པ་ཁྱབ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་ལྟར། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་གོམ་ཁ་ཧ་ཅང་མགྱོགས་པའི་སྣང་བརྙན་དེས་འཛམ་གླིང་ཤར་ནུབ་ཀྱི་མི་མང་དང་སྲིད་གཞུང་ཁག་གིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། རྒྱ་ནག་ཡར་རྒྱས་ཀྱི་ངོ་གདོང་དང་དེའི་རྒྱབ་ཏུ་སྦས་པའི་མི་མང་གི་རང་དབང་རྡོག་རོལ་བཏང་བའི་དངོས་ཡོད་གནས་ཚུལ་གཉིས་ཆ་སྙོམས་པོ་ཇི་ལྟར་ཡོད་མིན་ཐད་ཞིབ་འཇུག་དང་དོ་སྣང་བྱེད་མཁན་ཚོགས་སྡེ་ཉུང་ངུ་ཞིག་ལས་མེད་ལ། ད་ཆ་རྒྱ་ནག་གི་ཤུགས་རྐྱེན་རྒྱལ་སྤྱིའི་ཁྲོད་དར་རྒྱས་སུ་འགྲོ་བཞིན་ཡོད།

རྒྱ་ནག་རྒྱལ་ཡོངས་ཀྱི་ཆབ་འབངས་སྤྱི་དང། ལྷག་པར་དུ་ལྟའི་ཆར་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་བོད་དང། ཤར་ཏིར་ཀི་སི་ཐན། སོག་པོ་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་གཞི་རྩའི་རང་དབང་དང་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་ཚུལ་འདི་དག་ནི་བསམ་བརྗོད་ལས་འདས་པ་ཞིག་ཡིན་ལ། ཆུང་ས་ནས་བཤད་ན་རྒྱ་ནག་གཞུང་གིས་སྐབས་སྐབས་སུ་ས་གནས་སོ་སོའི་དྲ་ལམ་བཀག་སྡོམ་བྱེད་པ་དང། ཁ་པར་གྱི་བརྒྱུད་ལམ་སོགས་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད། དཔེར་ན་༧གོང་ས་མཆོག་དགུང་གྲངས་ཧྲིལ་པོ་༨༠ ལ་ཕེབས་པའི་འཁྲུངས་སྐར་དང་སྟབས་བསྟུན་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ས་གནས་རྫོང་ཁག་བཅོ་བརྒྱད་ཀྱིས་གཙོས། བོད་ཀྱི་ས་གནས་མང་པོ་ཞིག་ལ་དྲ་ལམ་བཀག་སྡོམ་ཟླ་གཅིག་ཙམ་བྱས་པ་རེད། ས་གནས་དེ་གར་གནས་སྡོད་བྱེད་མཁན་མི་མང་གི་ངོས་ནས་བལྟས་ན་གནད་དོན་དེ་ལྟ་བུ་ནི་ཧ་ཅང་རྒྱུན་ལྡན་ཞིག་ལས། དམིགས་བསལ་ཧ་ལས་དགོས་པའི་གནད་དོན་ཞིག་ཏུ་གང་ཡང་བརྩི་སྲོལ་མེད་པར་གྱུར་ཟིན།

དོན་དངོས་ཐོག་རང་དབང་བཀག་སྡོམ་བྱས་པ་ཙམ་མིན་པར་མི་མང་པོ་ཞིག་གི་ལག་འཛིན་ཁ་པར་ནང་དྲ་རྒྱའི་ཆེད་སྒོར་མོ་སྤྲད་ཟིན་པས། དེ་བེད་སྤྱོད་བྱེད་མི་ཐུབ་པ་བཟོས་ཡོང་དུས་མི་རེ་རེ་བཞིན་བཤད་ན་དཔལ་འབྱོར་གྱོང་གུད་དེ་ཙམ་ཆེན་པོ་ཞིག་ཏུ་མཐོང་གི་མེད་སྲིད་ཀྱང། ཁྱོན་ཡོངས་ནས་བལྟས་ན་རྒྱ་གཞུང་གི་མི་འབོར་ཞིབ་བཤེར་ཐེངས་དྲུག་པའི་ནང་དཀར་མཛེས་ཁུལ་གྱི་རྒྱུན་སྡོད་མི་འབོར་(༡༠༩༡༨༧༢)ས་ཡ་ལྷག་ཡིན་པས། དྲ་ལམ་ཆེད་མི་རེར་ཆ་སྙོམས་ཉུང་མཐའ་རྒྱ་སྒོར་ཉི་ཤུ་རེ་ཙམ་ལས་གྱོང་གུད་ཐེབས་མེད་པའི་དབང་དུ་བཏང་ནའང། མི་འབོར་ལ་གཞིགས་ནས་རོབ་རྩིས་བྱས་ན་རྒྱ་སྒོར་འབུམ་ཉིས་བརྒྱ་ལྷག་ཙམ་གྱི་གྱོང་གུད་སྤྲད་པ་འདི་ཡང་དཔལ་འབྱོར་གྱི་གནས་སྟངས་ཁོ་ནའི་ཐོག་ནས་ཧ་ཅང་འབོར་ཆེན་པོ་ཞིག་ཏུ་གྱུར་ཡོད། བོད་ཀྱི་ས་གནས་གཞན་ལའང་གྱོང་གུད་གཅིག་མཚུངས་སྤྲད་ཡོད་པའི་གནས་སྟངས་དེའི་ཐོག་ནས་བཤད་ཀྱང། རྒྱ་གཞུང་གིས་བོད་རིགས་མི་མང་ལ་འཛིན་པའི་སྲིད་བྱུས་དང་རྣམ་འགྱུར་གསལ་པོ་མཐོང་ཐུབ།

མང་གཙོ་དང་རང་དབང་ཡོད་པའི་རྒྱལ་ཁབ་ཅིག་ལ་མཚོན་ན་མི་མང་གི་དྲ་ལམ་སྲིད་གཞུང་གིས་བཀག་སྡོམ་བྱས་ནས་སྨྲ་བརྗོད་རང་དབང་རྡོལ་བཏང་བའི་གནས་ཚུལ་དང། མི་མང་ལ་དཔལ་འབྱོར་གྱི་གྱོང་གུད་ཕོན་ཆེ་འདི་འདྲ་སྤྲད་ཕོད་པའི་དཔོན་རིགས་ཤིག་མཐོང་རྒྱུ་མེད་ལ། གལ་སྲིད་ཡོད་པའི་དབང་དུ་བཏང་ན་སང་ཉིན་ནས་མི་མང་གིས་ཡར་ལངས་ངོ་རྒོལ་བྱས་ནས་སྲིད་གཞུང་མགོ་རྟིང་སློག་ངེས་རེད། འོན་ཀྱང་དམར་ཤོག་གཅིག་སྡུད་དབང་འཛིན་རིང་ལུགས་པའི་དབུས་དང་ས་གནས་ཀྱི་མགོ་ཁྲིད་གང་ཡིན་ཡང་མི་མང་དང་འབྲེལ་བ་གང་ཡང་མེད་པར། གོང་གི་དཔོན་རིགས་ཁག་གི་གཟིགས་སྣང་ཡག་པོ་ཞིག་བྱུང་སོང་ན། རང་རང་སོ་སོའི་དཔོན་གནས་དེ་ཡང་ལྕགས་ཀྱི་རྐུབ་སྟེགས་བཞིན་སྲ་བརྟན་དུ་འགྱུར་རྒྱུ་ཁོ་ན་ལས། མི་མང་ལ་བསམ་བློ་གཏོང་དགོས་དོན་གང་ཡང་མེད། དེར་བརྟེན་བོད་ནང་གི་རང་དབང་དང་ཡར་རྒྱས་ཡོད་པའི་གནས་ཚུལ་སྙན་པོ་དེ་དག་གི་དོན་དངོས་གནས་ཚུལ་འདི་འདྲ་ཡིན་པ་དེ་སེམས་ལ་དྲན་ཡོང་དུས་སེམས་པ་སྐྱོ་དགོས་པ་ཞིག་ཏུ་གྱུར་འདུག

རྒྱ་གར་ནས་བོད་དུ་གཏན་བསྐྱོད་བྱེད་མཁན་ཁག་ཅིག་རྒྱ་ནག་གི་གཞུང་ཚབ་བརྒྱུད་ཡིག་ཆ་བླངས་ནས་བོད་ལ་སོང་བ་དང། བོད་དུ་ནང་མི་དང་བཟའ་ཟླ་བུ་ཕྲུག་བཅས་ཡོད་ཀྱང་སྡོད་མ་བཅུག་རྒྱ་གར་དུ་ཕྱིར་སློག་བྱས་པའི་གནས་ཚུལ་ཡང་མང་པོ་ཡོང་གི་འདུག མི་དེ་དག་ལས་རེ་ཟུང་གིས་བོད་ནང་དུ་ཡར་རྒྱས་དང་བདེ་སྐྱིད་ཆེ་རབས་བརྗོད་ཀྱང། དོན་དངོས་ཐོག་རང་ཉིད་ཀྱི་ནང་དུ་བཟའ་ཟླ་བུ་ཕྲུག་དང་མཉམ་དུ་སྡོད་དབང་མེད་པར་ཕྱིར་འཕུད་བྱས་ཡོང་བའི་གནས་སྟངས་འདི་ནི་གཞི་རྩའི་ཐོབ་ཐང་དང་རང་དབང་མེད་པ་ཉག་གཅིག་ཡིན། བོད་ནང་དུ་གཞུང་ལམ་ཡངས་པོ་དང་ཁང་བརྩེགས་རྫིག་པོ་ག་འདྲ་མང་པོ་ཡོད་ཀྱང་དེའི་བདག་དབང་ཁེ་ཕན་བཅས་ཡོད་མཁན་ངོ་མ་དེ་བོད་པ་རེད་དམ། ཡང་ན་རྒྱ་མི་ཡིན་པའི་དངོས་ཡོད་གནས་ཚུལ་རྩད་གཅོད་ངོས་ཟིན་གསལ་པོ་ཞིག་བྱུང་ན། བོད་ནང་དུ་རྒྱ་གཞུང་གིས་ཡར་རྒྱས་བཏང་བ་དེ་བོད་པའི་ངོས་ནས་”ཤེལ་སྒོའི་ནང་གི་མོག་མོག་”དང་གཅིག་མཚུངས་སུ་གྱུར་ཡོད་པའི་ངེས་ཤེས་དང། སེམས་ཁྲལ་གཉིས་ཆབས་གཅིག་ཏུ་འབྱུང་ངེས་རེད།།

Share this:
༡༥༢ ཀློག་གྲངས།