འཆར་སྒོ་གཉིས་དང་ངོ་རྒོལ་གཉིས་ཀྱི་འཆར་གཞིའི་ཐོག་ང་སྲིད་སྐྱོང་ལ་ལངས་ཡོད།

ཟླ་འདིའི་ཚེས་༣ ཉིན་གྱི་སྔ་དྲོ་༢༠༡༦ ལོའི་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པ་དང་། “ང་སྲིད་སྐྱོང་ལ་ལངས་སྟངས་ནི་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་ལངས་ཡོད་མོད། དེ་ནི་ངོ་རྒོལ་ཁོ་ན་ཞིག་མ་ཡིན་པར་ང་དང་ང་ཚོར་བསྐྱར་བསྐྲུན་གྱི་འཆར་སྒོ་ཡོད་པས་ཡིན་”གསུངས་སོང་།
lukharགསར་འགོད་ལྷན་ཚོགས་ཐོག་ཁོང་ལ་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་མི་བསོད་ནམས་སྟོབས་རྒྱལ་དང་། དགེ་ལེགས་གཉིས་ཀྱིས་ཁོང་ངོ་སྤྲོད་ཀྱི་ལོ་རྒྱུས་མདོར་བསྡུས་སྒྲོགས་སྦྱང་རྗེས། ཁོང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་“བྲོས་ན་འབྲོ་ས་མི་འདུག་”ཅེས་པའི་བརྙན་ཐུང་ཞིག་བཤམ་སྟོན་བྱས་ཡོད་པ་རེད།
དེ་ཡང་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་སྲིད་དོན་བསྐྱར་ཞིབ་ཀྱི་འཆར་སྒོ་དང་། གཞུང་སྲིད་བར་གནས་ཀྱི་འཆར་སྒོ། བྲན་གཡོག་གཤིས་ཀ་ལ་ངོ་རྒོལ། དད་པ་ལོག་སྤྱོད་ལ་ངོ་རྒོལ་བཅས་ཀྱི་ལས་འཆར་ཡོད་སྐོར་ དང་། དང་པོ། ཁོང་བོད་ལ་སྤོབས་པ་ཡོད། གཉིས་པ། ཁོང་བོད་ལ་སེམས་ཁྲལ་ཡོད། གསུམ་པ། ཁོང་མ་ལངས་རང་ལངས་ཆགས་ཡོད་བཅས་ཀྱི་ཐོག་གཏམ་བཤད་གནང་བ་མ་ཟད། ཁོང་སྲིད་སྐྱོང་ལ་ལངས་དགོས་པའི་དམིགས་ཡུལ་དང་ལས་འཆར་ཁག་གི་སྐོར་རིམ་པས་མི་མང་ནང་དངོས་སུ་གཏམ་བཤད་གནང་རྒྱུ་ཡིན་སྐོར་གསུངས་པ་དང་མཇུག་ཏུ་ཁོང་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་རེད།
གསར་འགོད་པ་ཆོས་ཉིད་འོད་ཟེར།

ཉིན་དེར་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་གསར་འགོད་བསལ་བསྒྲགས།

དང་པོ། ང་བོད་ལ་སྤོབས་པ་ཡོད།
བོད་འདི་བཙན་པོའི་སྙིང་སྟོབས་ཀྱིས་རྟག་དུ་བསྐྱངས་ཡོད། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་བ་ཡིན།
དེ་ཡང་བོད་རྒྱལ་ཁབ་དར་བའི་ཡང་རྩེར་སོན་སྐབས། སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་མངའ་མཛད་པ་དང་། སྨད་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་ནས། སྟོད་རྒྱ་གར་གྱི་ཆུ་བོ་གཱངྒའི་འགྲམ། ནུབ་ཨ་རབ་ཀྱི་ཨོག་སོ་གཙང་པོའི་ཕ་མཐའ་བར་དུ་འུ་ཚང་གི་རྟ་དམག་གི་རྨིག་པས་བརྫིས་མྱོང་། སྐབས་དེའི་འཛམ་གླིང་ཤར་ནུབ་གཉིས་ཀྱི་འབྲེལ་ཟམ་དུ་གྲགས་པའི་དར་གོས་འགྲུལ་ལམ་རིང་མོ་ཡང་བོད་ཀྱིས་བདག་གིར་བཟུང་སྟེ། བོད་ནི་འཛམ་གླིང་ཤར་ནུབ་ཀྱི་དཔལ་འབྱོར་དང་ཤེས་རིག་གི་ལྟེ་གནས་ཆགས་ཡོད།
བོད་ལ་གྱེན་ལོག་གི་སྙིང་སྟོབས་ཡོད། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་བ་ཡིན།
དེ་ཡང་མངའ་བདག་བཙན་པོའི་གཞུང་གིས་ཁྲལ་བསྡུ་ཁྲིམས་གནོན་ཚུལ་བཞིན་མ་བྱས་པར། མི་སེར་ལ་གཉའ་གནོན་བཤུ་གཞོག་བཏང་བའི་ཚེ་ན། འབངས་རྒོད་གཡུང་གཉིས་ཀ་མཉམ་རུབ་ཀྱིས་གྱེན་ལོག་བྱས་ཤིང་། རྒྱལ་ལྡན་གཞུང་གི་ཁེངས་དྲེགས་ཀྱི་རལ་བ་གནམ་ནས་ས་ལ་ཕབ་པར་མ་ཟད། ལྷ་བཙན་པོའི་བང་སོ་ཡན་ཆད་བྲུས་ནས་འབངས་འཁོས་ཞན་པ་དག་ལ་བགོ་བཤའ་བརྒྱབས།

བོད་མི་རིགས་ལོག་དང་བསྟུན་ནས་སྲིད་འགྱུར་གྱི་གོ་སྐབས་འཛིན་ཐུབ་མཁན་ཞིག་ཡིན། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་པ་ཡིན།
lukhar1དེ་ཡང་གསར་བརྗེ་རང་བཞིན་གྱི་དུས་འགྱུར་ནི་མིའི་འཆར་གཞི་ལས་རིང་ནས་བརྒལ་ཡོད་སྟབས། དུས་འགྱུར་དང་བསྟུན་ནས་གོ་སྐབས་འཛིན་ཐུབ་མཁན་ནི་ད་གཟོད་ཆབ་སྲིད་པ་ཡིན། བོད་ཀྱི་ཉེ་རབས་ལོ་རྒྱུས་ཐོག་གཟི་བརྗིད་ལྡན་པའི(རྒྱ་ཕུད)ལས་འགུལ་ཐེངས་འགར་བྱུང་མྱོང་ལ། མན་ཇུ་རྒྱལ་རྒྱུད་མགོ་རྟིང་ལོག་པའི་སྐབས་དང་བསྟུན། རྒྱལ་དབང་བཅུ་གསུམ་པ་ཆེན་པོས་དབུ་ཁྲིད་འོག་བོད་དབུས་ནས་རྒྱ་མི་ཡོད་ཚད་མཐར་བསྐྲད་བཏང་བར་མ་ཟད། བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་བ་སོགས་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་བྱུང་།
བཙན་གནོན་འོག་གི་མི་རིགས་ཁག་ལ(རླབས་ཆེན་གཙོ་འཛིན)མའོ་ཙེ་ཏུང་ལ་རྒོལ་བ་ནི་གནམ་རྒན་མའི་ཁ་གཏད་དུ་ལངས་པ་མིན་པ་ཐོག་མར་ཤེས་སུ་འཇུག་མཁན་དེ་བོད་པ་རེད། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་པ་ཡིན།
དེ་ཡང་དུས་རབས་གོང་མའི་ལོ་རབས ༥༠ པར་རྒྱ་དམར་བཙན་འཛུལ་པས་བོད་ས་ཧམ་བཟུང་བྱས་པའི་མོད་ལ། འ་ཆད་འུ་ཐུག་གི་ཉིན་མོར་བོད་ཆོལ་ཁ་གསུམ་གྱི་ཡུལ་མི་རྣམས་མ་གྲོས་བསམ་པ་གཅིག་མཐུན་ངང་། ཞི་དྲག་གཉིས་ཀྱི་ཐོག་ནས་རྒྱ་མི་བཙན་འཛུལ་བར་ངོ་རྒོལ་བྱས་པ་ཨ་ཅང་ཅང་། བཙན་འཛུལ་བའི་ཁ་བཀོད་འོག་ཆུ་སྣ་གར་ཁྲིད་ཡིན་པའི་བོད་སྡེ་བ་གཞུང་གི་དཔོན་ངན་ཚོར་ཡིད་ཆེས་བློ་འགེལ་མེད་པའི་རྒོལ་གཏམ་སྤེལ་བ་དང་། ཐ་ན་རྒྱ་མིའི་མིག་གི་མཐོང་ས་ནས་ནང་རུལ་བ་ཁག་ཅིག་དམར་གསོད་བཏང་བ་སོགས། སྐད་གྲགས་སྲིད་མཐར་ཆོད་པའི་གསུམ་བཅུའི་སྒེར་ལངས་ཆེན་མོ་དེ་དུས་བྱུང་།
བོད་མི་རིགས་ཕོ་ཟད་མོ་ལ་ཐུག་ཀྱང་བཙན་འཛུལ་བར་མགོ་མི་སྒུར་བའི་དུས་ཀྱི་ཅོང་བརྡ་བསྒྲགས་ཡོད། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་པ་ཡིན།
དེ་ཡང་དུས་རབས་གོང་མའི་ལོ་རབས ༨༠ བ་ནས་བཟུང་། བོད་ཀྱི་མི་རབས་གསར་བ་རྣམས་མི་སེར་སྤེལ་མཁན་ཕྱི་མའི་བསླུ་བྲུད་འོག་མ་ཚུད་པར། ལྷ་ས་ནས་འགོ་བཙུགས་ཏེ་ངོ་རྒོལ་རིམ་པར་བྱུང་བ་དང་། ཉིས་སྟོང་བརྒྱད་ལོར་བོད་ས་ཡོངས་ནས་ཉིན་བརྒྱ་དུས་གཅིག་ལ་རྒྱ་རྒོལ་ལས་འགུལ་བྱུང་ནས་ལོ་རྒྱུས་ཀྱི་དཀྱོགས་མཚམས་གསར་བ་ཞིག་གི་ཡོལ་བ་ཕྱེས། དེ་བས་ཀྱང་སྨྲ་བསམ་བརྗོད་འདས་ཀྱི་དོན་རྐྱེན་ཞིག་ནི། ད་ལྟའི་སྐབས་སུ་བོད་ཕྱི་ནང་གཉིས་ནས་རང་དབང་རང་བཙན་ཆེད་རང་སྲོག་དམར་མོ་མེ་ལ་བསྲེགས་ཐུབ་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཞལ་གྲངས་བརྒྱ་དང་ལྔ་བཅུའི་ཁར་སླེབས་གྲབས་ཡོད།
བོད་མི་རིགས་འདི་བཞིན་འཚོ་གནས་ཐད་གཞན་ལ་བརྟེན་མ་དགོས་པར་རང་མགོ་ཐོན་མཁན་ཞིག་ཡིན། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་པ་ཡིན།
དེ་ཡང་བོད་གཞིས་བྱེས་གཉིས་བཙན་དབང་གིས་ཁ་གྱེས་དགོས་བྱུང་ཡང་། མི་ཐོག་རྒན་པ་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་གནང་བར་བརྟེན། ད་ལྟའི་སྐབས་སུ་རྒྱ་བལ་འབྲུག་གསུམ་གཙོས་མི་ཡུལ་ལུང་བར་གཞིས་སྡོད་བྱེད་མཁན་རྣམས། ཁྱོན་ཡོངས་ནས་བཤད་ན་ཡུལ་དུས་གནས་བབ་དང་བསྟུན་ནས་འཚོ་གནས་ཐོག་འགྲིག་བསྡད་ཡོད་པའི་ཁར། གཞོན་སྐྱེས་རྣམས་རང་གི་ཤེས་འཇོན་ལ་དཔག་པའི་ས་གནས་ཡུལ་མི་དང་དཔུང་བ་མཉམ་གཤིབས་བྱས་ནས་འགྲོ་ཐུབ་ཀྱིན་ཡོད།

གཉིས་པ། ང་བོད་ལ་སེམས་ཁྲལ་ཡོད།
འདི་གར་མིག་མདུན་ཙམ་ལས་སྲིད་དོན་བསྐྱར་ཞིབ་ཀྱི་འཆར་སྒོ་འགག་ཡོད། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་པ་ཡིན།
དེ་ཡང་ང་ཚོ་རྒྱལ་ཤོར་དམངས་སྡུག་གི་གནས་སྟངས་འོག་ནས་ཡར་ལངས་དགོས་ན། ཚོང་བ་རྒྱགས་པ་ཞིག་གི་དངུལ་ཁུག་ནང་ནས་ལངས་ཐུབ་པར་ང་ལ་ཡིད་ཆེས་མེད། རི་ཁྲོད་སྒོམ་ཆེན་ཞིག་གི་ཉམས་མགུར་ཀློང་ནས་ལངས་ཐུབ་པར་ང་ལ་ཡིད་ཆེས་མེད། དེ་བཞིན་ནུབ་ལུགས་སློབ་ཆེན་ཞིག་གི་ལག་འཁྱེར་ཡོད་ན་འགྲིག་འགྲོ་བ་ཞིག་དེ་བས་མིན། གཙོ་བོ་མི་རིགས་རང་ཉིད་ཀྱི་ཤེས་རིག་སྙིང་སྟོབས་དང་། ཐུ་བྷོད་བཙན་པོའི་བླ་སྲོག་སྙིང་ལ་བཅིངས་ནས་སྲིད་དོན་བསྐྱར་ཞིབ་ཡང་དག་པ་ཞིག་མ་གནང་མཐུ་མིན་ལ་ཐུག་ཡོད། དེ་མ་གཏོགས་ཤེས་རིག་གི་གཞན་བརྟེན་བསམ་བློ་འཇགས་ནས། བྱ་བ་ཐམས་ཅད་གཞན་གྱི་ལད་མོ་རྐྱང་བྱས་བསྡད་པ་ཡིན་ན། ང་ཚོར་ཡར་ལངས་ཀྱི་གོ་སྐབས་ནམ་ཡང་མེད་ལ། ལངས་ཐུབ་པའི་དབང་དུ་བཏང་ཡང་དེ་ནི་བོད་ལ་འཚམས་པའི་བོད་ཞིག་བསྐྲུན་ཆེད་མིན་པ་ངས་ཁ་ཚོན་གཅོད་ཐུབ།

འདི་གར་ཤོག་ཁག་འཐེན་འཁྱེར་ནང་གཞུང་སྲིད་བར་གནས་ཐུབ་ཀྱིན་མེད། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་པ་ཡིན།
དེ་ཡང་བོད་པ་བཙན་བྱོལ་བ་ཚོའང་མི་སྡེ་སྤྱི་ཚོགས་ཀྱི་གྲུབ་ཆ་ཡིན་པའི་ཆ་ནས། དེ་ལ་འབབ་པའི་ཕྱོགས་སྒྲིག་འཐེན་འཁྱེར་གང་འཚམས་རེ་ཡོད་ངེས་ཡིན་མོད། ཆེ་ས་ནས་དབུས་བོད་མིའི་སྒྲིག་འཛུགས་འདི་བཞིན་སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས་ལ་སོགས་པའི་ཕྱོགས་སྒྲིག་འགྲན་རྩོད་ནང་བར་གནས་མ་ཐུབ་ཀྱང་། ནང་ཁུལ་གྱི་རྩོད་རྙོག་ཆུང་ཙག་ལ་ཐུག་སྐབས་དྲང་སྙོམ་བར་གནས་ཀྱི་ཁྲིམས་ས་ཞིག་གི་གོ་བབ་འཛིན་རྒྱུའི་ཚབ་ལ། རང་ཉིད་རྙོག་གྲ་གང་ཞིག་བསྐྱེད་མཁན་དུ་བསྒྱུར་ནས་རྐྱེན་ཆུང་རྩ་ཆེ་བཟོ་བཞིན་ཡོད་ལ། དེ་སྔར་ཆུ་སྒང་གསར་རྙིང་གཉིས་དང་། དོལ་རྒྱལ་དང་འབྲེལ་ནས་ཁ་དང་ཁ་སྤུ་ཁ་ཁ་བྱས་པ། ཉེ་ཆར་ཉིའུ་ཡོག་ནས་བོད་རིགས་སྤྱི་མཐུན་ཚོགས་པ་གཙོས་གསུམ་བཅུའི་དུས་དྲན་གོ་སྒྲིག་བྱེད་མཁན་ཚོས། བོད་རང་བཙན་གྱི་འབོད་ཚིག་ཁྱེར་ནས་མི་མང་མཉམ་དུ་ཡོང་ན་ཉེན་རྟོག་པར་རྩིས་སྤྲོད་དགོས་ལུགས་ཀྱི་རྩོད་རྙོག་བྱུང་རྗེས། དབུས་བོད་མིའི་སྒྲིག་འཛུགས་བར་གནས་མ་ཐུབ་པར་རྔ་མ་གང་གི་ཕྱོགས་སུ་འཁྱོག་ཡོད་པ་གསལ་བོ་རེད།
འདི་གར་བྲན་གཡོག་གཤིས་སྤྱོད་ཀྱིས་ཡོད་ཚད་རྩ་མེད་བཟོ་ངེས་ཡིན། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་པ་ཡིན།
ཆབ་སྲིད་ཀྱི་ཐད་ནས་བོད་ནང་རྒྱ་དམར་གཞུང་གི་འགོ་ཁྲིད་མེད་ན། བོད་ལྟ་བུའི་ཀླ་ཀློ་དང་རྗེས་ལུས་ཀྱི་མི་རིགས་ཤིག་ལ་ཡར་རྒྱས་ཀྱི་མདུན་ལམ་མེད་སྐོར་བཤད་ཀྱིན་ཡོད་ལ། བཙན་བྱོལ་ནང་དུ་དེ་ལ་རམ་འདེགས་ཀྱི་ཚུལ་དུ་རྒྱ་གཞུང་སྟོབས་ཆེན་ཡིན་སྟབས་བོད་རང་བཙན་ལ་རེ་བ་མེད་སྐོར་དང་། རྒྱ་ནག་ཡར་རྒྱས་འགྲོ་བཞིན་ཡོད་སྟབས་བོད་རྒྱ་འོག་ནས་བསྡད་ན་ཁེ་བཟང་ཆེ་ཚུལ་བཤད་པ་བཅས་ནི་ཆབ་སྲིད་ཐོག་གི་བྲན་གཤིས་རྣལ་མ་དེ་ཡིན་པ་མ་ཟད། བཙན་བྱོལ་ནང་སྤྱི་སྒེར་གང་རུང་གི་འགོ་བྱེད་ཚོས་དེ་ལས་གཞན་གྱི་བྲན་གཤིས་ལྷག་མ་ཞིག་སྤེལ་བཞིན་པ་ནི། བཟང་སྤྱོད་དང་དམ་ཚིག་ཁ་ལ་ཁུར་ནས་མ་རབས་ག་ཚོད་འཁྲབ་ཡང་། སྤྱི་ཚོགས་ཀྱིས་དེ་དག་ངོ་མ་ཤེས་པ་མ་ཡིན་པར་ཤེས་བཞིན་སྣང་མེད་འཇོག་གི་ཡོད་སྟབས། བྲན་གཤིས་འདིར་དག་ཐེར་གཙང་ཕྱགས་མ་ཐུབ་ཕྱིན་བོད་མི་རིགས་དུས་གཏན་དུ་མགོ་འདེགས་མི་ཐུབ།

འདི་གར་དད་པ་ལོག་པར་བེད་སྤྱོད་ཀྱིས་བཙན་བྱོལ་སྤྱི་ཚོགས་ཟང་ཟིང་བཟོས་ཡོད། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་པ་ཡིན།
དེ་ཡང་མི་སྡེ་སྤྱི་ཚོགས་ཀྱི་དཔལ་ཡོན་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག ཆོས་ལུགས་འཐེན་འཁྱེར་དང་། དད་པར་རྗེས་འབྲེལ་གྱི་དཀའ་ངལ་ཉུང་དུ་འགྲོ་བར་མི་རྣམས་ཀྱིས་རེ་བ་བྱེད་བཞིན་ཡོད་མོད། དུས་རབས་ཉེར་གཅིག་པ་འགོ་བཙུགས་པ་ནས་ཆོས་ལུགས་ཁ་ལ་ཁྱེར་བའི་འཐེན་འཁྱེར་ཇེ་ཆེར་འགྲོ་བཞིན་ཡོད་ལ། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་དུའང་ལྷ་འདྲེ་རྩོད་གཞིའི་རྐྱེན་པས་མི་གསོད་ཁྲག་སྦྱོར་གྱི་བྱ་ངན་དངོས་སུ་རྩོམ་མྱོང་ཁར། ལོ་འདི་དག་ནང་དོལ་རྒྱལ་བརྟེན་མཁན་དང་དེར་ཁ་གཏད་གཅོག་མཁན་ཡིན་ཟེར་མཁན་མང་བོ་ཞིག་གིས་ནང་ཁྲོལ་ཕྱི་ལ་བསྟན་ནས། འཁྲབ་སྟོན་ཡ་ང་བ་ཞིག་གི་འགོ་དངོས་སུ་བཙུགས་ཟིན་ལ། ངན་ཤུགས་འདི་དག་བོད་ནང་དུའང་རིམ་བཞིན་ཁྱབ་བརྡལ་ལ་འགྲོ་བཞིན་ཡོད། གནས་སྐབས་འདི་འདྲར་སྲིད་གཞུང་ཞིག་གིས་ལྷ་འདྲེར་རང་སྣང་གིས་དག་ཐེར་བྱ་རྒྱུ་གཙོ་བོ་མ་ཡིན་པར། བབ་བརླིང་བརྟན་གསུམ་ཀྱི་སྒོ་ནས་དད་པ་ལོག་པར་བེད་སྤྱོད་བྱེད་མཁན་ཚོར་ཚོད་འཛིན་མ་ཐུབ་ཕྱིན། སྤྱི་ཚོགས་ཀྱི་གཞི་མཐུན་རྨང་ནས་འཐོར་ཉེན་ཡོད།

གསུམ་པ། ང་མ་ལངས་རང་ལངས་ཆགས་ཡོད།
མཐའ་དོན། བཙན་བྱོལ་ནང་བོད་ཀྱི་ལོ་རྒྱུས་ཐོག་འཁོད་རན་ཡོད་པའི་དོན་དག་ཅིག་ཡོད་པ་ནི། ༧གོང་ས་མཆོག་གིས་གཟིགས་རྒྱང་རིང་བོའི་ཐོག་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་ལ་ཕེབས་སྟེ། ང་ཚོར་དམངས་གཙོ(གསོལ་རས)གནང་བ་འདི་ཡིན་མོད། ཡིད་ཕངས་པ་ཞིག་ལ་འོས་འགྲན་སྐབས་དམངས་གཙོའི་གསོལ་རས་ཡག་ཐག་ཆོད་བཞེས་མཁན་ཚོ། འདས་པའི་ཉམས་མྱོང་ལ་གཞིགས་ན་མང་པོ་ཞིག་གངས་ཅན་སྐྱིད་གཤོངས་ཀྱི་སྒོ་རའི་ནང་འཛུལ་མ་ཐག རྒྱལ་ཁབ་སླར་གསོ་བྱ་རྒྱུ་དང་། གངས་ཅན་སྐྱིད་གཤོངས་ཉི་མ་ལྷ་ས་མིན་པ་དྲན་པ་བརྗེད་ནས་སྐུ་དྲག་གསར་བའི་སྤྲོ་ར་ནང་དག་སྣང་གིས་བཟི་ནས་བསྡད་ཡོད། དེ་བས་བོད་ནང་གསར་བརྗེ་རང་བཞིན་གྱི་ཛ་དྲག་གནས་ཚུལ་བསྟུད་མར་བྱུང་མཚམས། བོད་ཀྱི་དངོས་ཡོད་གནས་སྟངས་ལ་རྒྱུས་མངའ་མེད་པའི་འགོ་འཁྲིད་ཚོ་ནག་འཐོམ་མེར་ལྷག་རྒྱུ་ཉག་གཅིག་རེད། སོང་ཙང་ད་ལྟའི་སྐབས་འདིར་ཁོ་བོ་ཨ་ཚོགས་ཀླུ་མཁར་བྱམས་མིང་འཛིན་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་པ་འདིར་ཐོབ་ཤོར་ལས་ལྷག་པའི་དོན་སྙིང་ལྡན་ཡོད། ཁ་སངས་ནས་བཤད་ན་མ་ལངས་རང་ལངས་ཆགས་ཡོད། ང་སྲིད་སྐྱོང་ལ་ལངས་སྟངས་ནི་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་ལངས་ཡོད་མོད། དེ་ནི་ངོ་རྒོལ་ཁོ་ན་ཞིག་མ་ཡིན་པར་ང་དང་ང་ཚོར་བསྐྱར་བསྐྲུན་གྱི་འཆར་སྒོ་ཡོད་པས་ཡིན་ལ། བོད་རང་བཙན་གྱི་རྨི་ལམ་ཡོད་པས་ཡིན། རྟོགས་སད་ཀྱི་སྙིང་ཁམས་ཡོད་པས་ཡིན།། ང་སྲིད་སྐྱོང་ལ་ལངས་སྟངས་ནི་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་ལངས་ཡོད་མོད། དེ་ནི་ངོ་རྒོལ་ཁོ་ན་ཞིག་མ་ཡིན་པར་ང་དང་ང་ཚོར་བསྐྱར་བསྐྲུན་གྱི་འཆར་སྒོ་ཡོད་པས་ཡིན་ལ།
བོད་རྒྱལ་ལོ༢༡༤༢རབ་གནས་ཤིང་ལུག་ལོའི་ཆུ་སྟོད་ཟླ་བའི་ཚེས་༡༨
ཨ་ཚོགས་ཀླུ་མཁར་བྱམས་ཀྱིས།
ཕྱི་ལུགས༢༠༡༥ ཟླ༨ ཚེས༣བཟང་པོར་བསྒྲགས།

Share this:
༡༤༤ ཀློག་གྲངས།