གོ་ས་དང་འགན་ཁུར་གྱི་ངོས་འཛིན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༥༤ ཕྱི་ལོ་ ༢༠༡༥/༨/༥
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལོ་ལྔ་རེའི་མཚམས་སུ་སྲིད་སྐྱོང་གི་འོས་བསྡུ་དང། སྤྱི་འཐུས་ཀྱི་འོས་བསྡུ་སྟེ་འོས་བསྡུ་ཆེན་མོ་གཉིས་སླེབས་ཀྱི་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ནའང་ཨ་བྲ་ཆུང་ཡང་གཟུགས་བཞི་ཞེས་པ་ལྟར། རྒྱལ་ཁབ་མེད་ན་རང་ཉིད་ཀྱི་འགོ་ཁྲིད་རང་ཉིད་ཀྱིས་འོས་འདེམས་ཆོག་པའི་ལམ་སྲོལ་འདི་ཉིད་བཏོད་ཐུབ་པ་བྱུང་ཡོད། ལོ་ལྔ་རེའི་མཚམས་སུ་འོས་བསྡུ་དེ་ལ་བརྟེན་ནས་སྤྱི་ཚོགས་ནང་གླེང་ཕྱོགས་འདྲ་མིན་སྣ་ཚོགས་ཡོང་གི་ཡོད་པ་དང། ནམ་རྒྱུན་སྲིད་དོན་ལ་མི་དགའ་ཟེར་མཁན་ཚོས་ཀྱང་མངོན་ལྐོག་གང་རུང་ནས་རང་ཉིད་ལ་འོས་ཤོག་ཐབས་བྱེད་པའམ། ཡང་ན་རང་ཉིད་དང་འབྲེལ་ཡོད་ཀྱི་འོས་མི་རྣམས་ལ་རྒྱབ་སྐྱོར་དང། ཁ་གཏད་ཀྱི་འོས་མི་རྣམས་ལ་མངོན་གསལ་དང་མངོན་པར་མི་གསལ་བའི་ཐོག་ནས་སྐྱོན་བརྗོད་དང་གླེང་ཕྱོགས་བཟོ་བ་སོགས་མང་གཙོ་ཅན་གྱི་སྤྱི་ཚོགས་ནང་དར་ཁྱབ་ཆེ་བའི་བཟང་ཆ་དང་སྐྱོན་ཆ་ཚང་མའི་ཤུགས་རྐྱེན་ཐེབས་ཡོད་པ་གསལ་པོ་མངོན་ཡོད།

ལྷག་པར་དུ་སྲིད་སྐྱོང་གི་འོས་གཞིར་འཚང་ཁ་རྒྱག་མཁན་མང་པོ་ཡོད་པ་དང། དེ་དག་མང་པོ་ཞིག་གི་ངོས་ནས་གོ་གནས་སམ་དབང་ཆ་ཞིག་ལ་ངོས་འཛིན་པ་ལས། འགན་ཁུར་རམ་ལས་དོན་ཞིག་ཏུ་ངོས་འཛིན་བྱེད་མཁན་ཞིག་ཕལ་ཆེར་མེད་ཚོད་དུ་སྣང། གང་ལྟར་ཡང་མང་གཙོར་ཁེས་འཆེ་བའི་སྤྱི་ཚོགས་ཤིག་ལ་མཚོན་ན་རང་ཉིད་འོས་གཞིར་ལངས་པ་དང་འོས་འཕེན་པའི་ཐོབ་ཐང་དེ་ཁ་འབྲལ་ཐབས་མེད་པའི་རང་དབང་ཞིག་ཏུ་གྱུར་ཡོད། འོན་ཀྱང་ཁག་ཅིག་གིས་སྲིད་སྐྱོང་གི་མཚན་གནས་དེ་ཐོབ་དང་གོ་ས་ཙམ་ལས། ཐེག་དཀའ་བའི་འགན་ཁུར་ཞིག་ཡོད་པའི་ཚོར་སྣང་མེད་མཁན་ཡང་གང་མང་ཞིག་ཡོད་ཚོད་དུ་སྣང། དེར་བརྟེན་གོ་ས་དང་འགན་ཁུར་གྱི་གནད་དོན་ངོ་མ་དངོས་འཛིན་གསལ་པོ་ཞིག་མ་བྱུང་བ་དེ་སྲིད་དུ་མི་དེ་ལ་བོད་མི་རིགས་ཀྱི་འགོ་ཁྲིད་རྒྱུའི་ནུས་པ་གཏན་ནས་མེད་ལ། བཙན་བྱོལ་བོད་མི་ཚང་མ་རྡོག་གཅིག་ཏུ་བསྒྲིལ་ནས་འགོ་ཁྲིད་རྒྱུའི་ནུས་པ་ཙམ་ཡང་མེད་པ་གསལ་པོ་རེད། དེ་ཡིན་དུས་སྲིད་སྐྱོང་དུ་བཞེངས་མཁན་ཚོས་ཐོག་མ་འགན་ཁུར་གྱི་ཡང་ལྗིད་གང་ཡིན་པ་དེ་གསལ་པོ་ངོས་ཟིན་པ་དེ་གལ་ཆེན་པོར་གྱུར་ཡོད།

མི་སུ་སྲིད་སྐྱོང་དུ་སླེབས་ཀྱང་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་ནས་བོད་རྒྱ་ཞི་མོལ་མི་བྱེད་ཀ་མེད་བཟོ་ཐུབ་མཁན་ཞིག་གཏན་ནས་མེད་ལ། དེ་ལྟ་བུར་རེ་བ་བརྒྱབ་ན་དེ་ནི་སྟོང་བསམ་ཙམ་ལས་གྲུབ་འབྲས་ཐོན་མི་ཐུབ་པ་འདས་པའི་ལོ་ལྔ་བཅུ་ལྷག་གི་ཉམས་མྱོང་ལས་ཤེས་ཐུབ། དེ་ལས་བཙན་བྱོལ་བོད་མི་ཚང་མ་གཞི་རྩའི་བསམ་བློ་དང་ལངས་ཕྱོགས་མི་འདྲ་བ་ཡོད་པ་གཞིར་བཞག་པའི་ཐོག་ནས། རྩ་དོན་གྱི་འགག་ལ་ཐུག་དུས་རྡོག་རྩ་གཅིག་སྒྲིལ་གྱིས་སྣེ་ཁྲིད་ཐུབ་པ་ཞིག་ཡོང་དགོས་པ་ནི་སྲིད་སྐྱོང་དུ་མི་སུ་སླེབས་ཀྱང་འགན་ཁུར་གཙོ་བོར་གྱུར་ཡོད། གཞན་རང་ཉིད་ཀྱི་ལངས་ཕྱོགས་དང་མི་མཐུན་པའི་མི་སྣ་དག་མགོ་འགྱོགས་ཐབས་མེད་པའམ། སྤྱི་ཚོགས་ནང་མི་ནག་པོ་ནག་རྐྱང་འབའ་ཞིག་ཏུ་བསྒྱུར་རྒྱུའི་ཐབས་ཤེས་བྱས་ན་དེ་ནི་སྤྱི་ཚོགས་ཁ་འཐོར་དུ་འགྱུར་བའི་རྒྱུ་རྐྱེན་ཉག་གཅིག་ཏུ་གྱུར་ཡོད། གཅིག་སྒྲིལ་ཞེས་པ་དེ་ཡང་ཁ་ནས་མང་པོ་ལབ་ཐུབ་པ་ཙམ་མ་ཡིན་པར་དོན་དངོས་ལག་ལེན་གྱི་ཐོག་ནས་ཡོང་ཐབས་བྱེད་པར། བསམ་ཚུལ་དང་ལངས་ཕྱོགས་མི་འདྲ་བ་དག་དང་མཐུན་གཤིབས་ཡོང་ཐབས་བྱེད་རྒྱུ་དེ་ཡིན།

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ངག་གོམས་སུ་གྱུར་པའི་རྡོག་རྩ་གཅིག་སྒྲིལ་གྱི་གོ་དོན་གཙོ་བོ་གཅིག་ནི། ཁྱེད་རང་ལངས་ཕྱོགས་དང་བསམ་ཚུལ་མི་འདྲ་བ་ག་རེ་ཡོད་ཀྱང་ཐམས་ཅད་གཡུགས་ནས། ངའི་ལངས་ཕྱོགས་དང་བསམ་ཚུལ་དེ་དང་མཐུན་པ་ཞིག་བྱས་ནས་གཅིག་སྒྲིལ་བྱེད་དགོས་ཞེས་པ་ལྟ་བུར་གྱུར་ཡོད། བསམ་ཚུལ་དང་ལངས་ཕྱོགས་མི་མཐུན་པ་ཡོད་ན་གཅིག་སྒྲིལ་ཡོང་ཐབས་མེད་པ་ལྟ་བུའི་བསམ་ཚུལ་ཡོད་མཁན་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མང་པོ་ཡོད་ལ། དབུས་དང་ས་གནས་ཀྱི་སྒྲིག་འཛུགས་ཁག་གི་འགོ་ཁྲིད་མཁན་ཚོའི་ནང་དུ་བསམ་ཚུལ་དེ་ལྟ་བུ་ཡོད་མཁན་ནི་དེ་བས་ཀྱང་མང། གལ་སྲིད་དེ་ལྟ་བུའི་གཅིག་སྒྲིལ་ཞིག་དགོས་ཀྱི་ཡོད་ན་ཐོག་མ་མང་གཙོ་ཞེས་པའི་ཡིག་འབྲུ་གཉིས་དེ་ཕྱིར་བསྡུ་མ་བྱས་ན། བསམ་ཚུལ་མི་མཐུན་པ་དག་འགོག་མི་ཐུབ་པ་ནི་ཆོས་ཉིད་ཡིན། གལ་སྲིད་མང་གཙོ་ཞེས་པའི་དར་ཆ་དེའི་འོག་ཏུ་བསམ་ཚུལ་དང་ལངས་ཕྱོགས་མི་མཐུན་པ་ཡོང་ཆོག་གི་མེད་ན་དེ་ནི་མང་གཙོའི་མིང་ཙམ་ལས་དོན་དུ་མང་གཙོའི་མཚན་ཉིད་ཚང་མེད་པ་གསལ་པོ་རེད།

མདོར་ན་སྲིད་སྐྱོང་དུ་མི་སུ་སླེབས་མིན་དེ་གལ་ཆེན་པོ་དེ་ཙམ་མིན་པར་སྲིད་སྐྱོང་གི་འགན་ཁུར་གཙོ་བོ་གང་ཡིན་མིན་དེ་གསལ་པོ་ངོས་ཟིན་མཁན་ཞིག་ངེས་པར་དུ་ཡིན་དགོས། གཞན་ཆབ་སྲིད་ཀྱི་ཐོག་ནས་ཁ་ལོ་ཆེན་པོ་སྒྱུར་ཐུབ་མཁན་ཞིག་ད་ཆ་མེད་ཚོད་རེད་ལ། དེ་ལྟ་བུའི་ནུས་པ་ཡོད་སྲིད་པའི་དབང་དུ་བཏང་ཡང་ཁོར་ཡུག་མེད་པ་དེ་ཧ་ཅང་གསལ་པོ་རེད། ད་ལྟའི་ཆར་སྲིད་སྐྱོང་དེ་ཉིད་ཆབ་སྲིད་ཀྱི་ཐོག་ནས་དབུ་ཁྲིད་ངོ་མ་ཞིག་ཏུ་འགྱུར་དཀའ་ཡང། འཛིན་སྐྱོང་གི་ལས་དོན་ཐོག་ནས་འགན་ཚུལ་བཞིན་ཁུར་ཐུབ་མཁན་ཞིག་བྱུང་ན་འགྲིག་པ་རེད། དྲིལ་བསྒྲགས་ཀྱི་སྐབས་སུ་ཉམས་མྱོང་མེད་པ་ཞིག་ཡོད་རབས་དང། ལག་ཁྱེར་མེད་པ་ཞིག་ཡོད་རབས། ཤེས་ཡོན་མེད་པ་ཞིག་ཡོད་རབས་ཙམ་བཤད་ནས་མི་མང་མགོ་སྐོར་གཏོང་རྒྱུའི་བསམ་བློ་གཏོང་མཁན་ཡོད་ཀྱང། མི་མང་གླེན་པར་བརྩི་མཁན་གྱི་སྲིད་དོན་པ་དག་ནི་དོན་དམ་པར་རང་ཉིད་གླེན་པ་ཡིན་པའི་རྟགས་རེད། རྒྱལ་ཁབ་དང་མང་གཙོ་ཚད་ལྡན་ཡོད་མཁན་དག་དང་མི་འདྲ་བར་འཐབ་རྩོད་བྱེད་མཁན་བཙན་བྱོལ་བའི་སྒྲིག་འཛུགས་ཤིག་ཡིན་པའི་གནས་བབས་དེ་མ་བརྗེད་པའི་ཐོག་ནས་སྲིད་སྐྱོང་འདེམས་ཀ་མ་ནོར་བ་དགོས་པ་དེ་ཧ་ཅང་གལ་ཆེ།།

Share this:
༡༨༨ ཀློག་གྲངས།