ནམ་ཞིག་གི་ཚེ་རྒྱ་ནག་ཁ་འཐོར་དུ་འགྲོ་ཡི་རེད།

རྒྱ་ནག་གི་སྒྱུ་རྩལ་པ་དང་མང་གཙོ་དོན་གཉེར་བ་ཨེ་ཝེ་ཝེ་(Ai weiwei)ཡིས་གལ་ཏེ་རྒྱ་ནག་དམར་ཤོག་ཚོགས་པས། རྒྱ་ནག་མང་གཙོའི་ལམ་ལུགས་ལ་འཕོ་འགྱུར་མ་གཏོང་ཚེ། ནམ་ཞིག་རྒྱལ་ཁབ་དེ་ཉིད་ཁ་འཐོར་གྱི་རེད་ཞེས་བརྗོད་འདུག

11813478_1012235832133619_1455878676435199469_nདེ་ཡང་ཕྱི་ཟླ་༨ པའི་ཚེས་༥ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་སྒྱུ་རྩལ་པ་དང་མང་གཙོ་དོན་གཉེར་བ་ཨེ་ཝེ་ཝེ་ལགས་ཡུ་རོབ་ཀྱི་རྒྱལ་ཁབ་འཇར་མན་དུ་སླེབས་ཡོད་པ་དང། དེ་གའི་གསར་ཤོག་ཞིག་གི་བཅར་འདྲི་དང་ལེན་བྱས་འདུག

ཐེངས་འདིའི་ཁོང་གི་ཕྱོགས་བསྐྱོད་དེ་ནི་ལོ་བཞིའི་ནང་ཕྱིའི་རྒྱལ་ཁབ་ལ་བསྐྱོད་ཐུབ་པ་ཐོག་མ་ཆགས་ཡོད་པ་དང། དེ་སྔ་རྒྱ་ནག་གཞུང་གིས་ཁོང་གི་ཕྱི་བསྐྱོད་ལག་འཁྱེར་ཕྱིར་བསྡུ་བྱས་ཏེ། ལོ་བཞི་སོང་རྗེས་ཉེ་བའི་ཆར་སླར་ཡང་ཚུར་སློག་ཡོད་འདུག

ཁོང་གིས་“རྒྱ་ནག་གཞུང་གི་དཔོན་རིགས་ཚོས་རྒྱ་ནག་ནང་དཀའ་ངལ་ཆེན་པོ་ཡོད་པར་ཁས་ལེན་བྱེད་ཀྱི་མེད་པ་དང། གཞུང་གིས་དཔལ་འབྱོར་ཡར་རྒྱས་ཆེན་པོ་བཏང་ཡོད་ཀྱང། མི་མང་ལ་རང་དབང་མ་སྤྲད་ཚེ། ནམ་ཞིག་གནོན་ཤུགས་ཧ་ཅང་ཆེན་པོ་ཆགས་ཏེ། ལུང་པ་དེ་ཉིད་ཁ་འཐོར་དགུ་འཐོར་དུ་འགྲོ་ཡི་རེད་”ཞེས་བརྗོད།

ཁོང་ལ་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་དཔོན་རིགས་མང་པོ་དེང་གི་ཆར་འཇུ་བཟུང་དང་གནས་དབྱུང་གཏོང་བཞིན་པའི་སྐོར་དྲིས་སྐབས། ཁོང་གིས་“བྱ་སྤྱོད་དེས་སྤྱི་ཚོགས་ནང་འཇིགས་སྣང་དང་དོགས་སྣང་ཆེན་པོ་བཟོས་ཡོད་ཀྱང། རུལ་རྒོལ་གྱི་བྱ་སྤྱོད་དེ་ནི་ངེས་པར་དུ་སྤེལ་དགོས་པ་རེད་”ཅེས་བརྗོད།

ཁོང་གིས་“རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཡར་རྒྱས་འགྲོ་ཡི་མེད་པ་མ་ཟད་ནོར་འཁྲུལ་ཅན་གྱི་ལམ་ལུགས་ཤིག་ཡིན་པ་དང་། རྒྱ་ནག་ནང་སྨྲ་བརྗོད་རང་དབང་སོགས་རང་དབང་མང་པོ་ཞིག་མེད་ཁར། གནའ་བོའི་ལམ་ལུགས་ལྟར་འགོ་ལ་རྒྱལ་པོ་དང་འོག་ལ་མི་མང་བསྡད་ཡོད་རེད”་ཅེས་བརྗོད།

ལོ་ན་༥༧ སོན་པའི་ཨེ་ཝེ་ཝེ་འཇར་མན་དུ་ཁོའི་གཅེན་པོ་ལ་ཐུག་འཕྲད་ཀྱི་ཞོར། འཇར་མན་སྒྱུ་རྩལ་སློབ་ཆེན་གྱིས་གདན་ཞུ་སློབ་དཔོན་དུ་གདན་དྲངས་པ་ཞིག་ཡིན་འདུག།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༤༢ ཀློག་གྲངས།