ལྷོ་བྱང་ཀོ་རི་ཡ་གཉིས་ཆིག་སྒྲིལ་གྱི་ལངས་ཕྱོགས་སུ་བསྐྱོད་པ།

ཀོ་རི་ཡ་ལྷོ་བྱང་གཉིས་སུ་གྱེས་ཏེ་ཕྱོགས་གཉིས་ཀྱིས་དགྲ་ལན་འཁོན་འཛིན་ཁོ་ན་བྱས་ཏེ་གནས་བཞིན་ཡོད་ལ། ཉེ་བའི་ཟླ་གྲངས་འགའི་སྔོན་ནས་ལྷོ་བྱང་གཉིས་ཀྱི་སྲིད་ཇུས་གུ་ཡངས་བྱས་ཏེ། སྔོན་དུས་དམག་འཁྲུག་སྐབས་བཟའ་ཚང་ཡ་བྲལ་དང་ཁྱིམ་ཚང་ཁ་འཐོར་སོང་ནས་ལྷོ་བྱང་གཉིས་སུ་གནས་ཡོད་པའི་ནང་མི་སྤུན་མཆེད་དང། དགའ་ཉེ་གྲོགས་གསུམ་ལ་ཐུག་འཕྲད་དུ་འགྲོ་ཆོག་པའི་ལམ་ལུགས་ལག་བསྟར་བྱེད་སྐབས། ཕྱོགས་གཉིས་ཀྱི་མི་དམངས་ལ་ཤ་རུས་འདྲེས་ཡོད་པའི་ཚོར་སྣང་གསར་པ་ཞིག་སྐྱེས་ནས། ཆབ་སྲིད་ཀྱི་འཐབ་རྩོད་ཁྲོད་ནས་གཉེན་ཉེ་དགྲ་རུ་འཛིན་བཅུག་པའི་ལེའུ་དེ་མཇུག་བསྡུ་དགོས་པའི་བསམ་ཚུལ་ཤོད་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༢༦ ཉིན་བྷི་བྷི་སིའི་གསར་འགྱུར་དྲ་གནས་ཐོག་ནས་གནས་ཚུལ་སྤེལ་བ་ལྟར་ན། བྱང་ཀོ་རི་ཡར་འདི་ལོར་ཐན་པ་བརྒྱབ་ནས་མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང༌། དེ་དང་བསྟུན་ནས་ལྷོ་ཀོ་རི་ཡ་གཞུང་གིས་བྱང་ཀོ་རི་ཡར་ཐན་པ་བརྒྱབ་ཡུལ་དུ། ཕྲུ་གུ་དང་སྦྲུམ་མར་སྨན་དང་འོ་སྐམ་སོགས་ཀྱི་རོགས་རམ་སྐྱོབ་གསོ་ཕོན་ཆེན་བཏང་ཡོད་པའི་སྐོར། ལྷོ་བྱང་ཆིག་སྒྲིལ་བློན་ཆེན་གྱིས་ཁྱབ་བསྒྲགས་བྱས་ཡོད་པ་དང༌། དེ་བཞིན་ལྷོ་ཀོ་རི་ཡའི་སྲིད་འཛིན་ལའི་མུ་བྷག་མཆོག་གིས་ཀྱང་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་རེད། ད་དུང་ལྷོ་ཀོ་རི་ཡའི་ངོས་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་གཞིགས་ནས་སྐྱོབ་གསོ་སྤྲོད་རྒྱུ་ཡིན་སྐོར་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་རེད།
ལོ་སྔོན་མ་བྱང་ཀོ་རི་ཡར་རྒྱ་ནག་གཞུང་གིས་སྐྱོབ་གསོ་སྤྲད་ནས་ལྷོ་ཀོ་རི་ཡའི་སྐྱོབ་གསོ་གཞུང་འབྲེལ་ཐོག་ནས་བཀག་འགོག་བྱས་ཡོད་པས། བྱང་ཀོ་རི་ཡའི་མི་མང་བརྒྱ་ཕྲག་མང་པོ་ལྟོགས་ཤི་ཐེབས་ཡོད་པ་དང༌། འདི་ལོ་ལྷོ་བྱང་གཉིས་ཀྱི་འབྲེལ་ལམ་ཧ་ཅང་བཟང་དུ་ཕྱིན་ཡོད་པས། གང་མགྱོགས་ཕྱོགས་གཉིས་གྲོས་མོལ་ལྷན་ཚོགས་ཤིག་ཀྱང་འཚོག་འཆར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། སྔོན་དུས་འཇར་མན་བྱང་ནུབ་ལྟར་ཆིག་སྒྲིལ་བྱེད་མི་ཐུབ་ཀྱང༌། ལྷོ་བྱང་ཀོ་རི་ཡ་གཉིས་དབར་རྡུལ་ཕྲན་དང་ས་མཚམས་ཀྱི་འཁྲུག་རྩོད་མེད་པ་ཆགས་ཐུབ་པའི་རེ་བ་རྒྱག་མཁན་མང་པོ་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

Share this:
༡༠ ཀློག་གྲངས།