ཚོགས་པ་ཁག་གིས་སྲིད་སྐྱོང་འོས་མིའི་ཁྱབ་བསྒྲགས་ལ་ངོ་རྒོལ།

སྐལ་བཟང་དོན་གྲུབ།
ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུ་དང་འབྲེལ་འོས་མི་གསུམ་གྱིས་འོས་མིར་ལངས་རྒྱུའི་གསར་འགོད་གསལ་བསྒྲགས་སྤེལ་ཟིན་པ་དང། ད་ལྟའི་སྲིད་སྐྱོང་ལས་འཁུར་བ་བློ་བཟང་སེང་གེས་ཀྱང་ཁོང་གི་གསར་འགོད་གསལ་བསྒྲགས་དེ་མང་གཙོ་དུས་ཆེན་རྗེས་ལ་སྤེལ་རྒྱུ་ཡིན་པར་གསལ་བསྒྲགས་བྱས་ཡོད་པ་རེད།
སྲིད་སྐྱོང་འོས་མི་བཞི་པོ་རང་ཉིད་ཀྱི་ཉམས་མྱོང་དང་ཤེས་ཡོན། ལྷག་བསམ་སོགས་ལ་ཡིད་ཆེས་གདེང་ཚོད་ཡོད་པའི་སྒོ་ནས་ལངས་གི་ཡོད་པ་དང། ཁོང་ཚོ་བཞི་ལས་སུ་ལ་འོས་འཕེན་མི་འཕེན་དེ་མི་མང་སྒེར་སོ་སོའི་ལག་ཏུ་ཡོད་པ་ཞིག་ཡིན། ང་ཚོ་བོད་མི་རྣམས་རྣམ་དཔྱོད་མེད་པ་ནི་མ་རེད། ཡིན་ཡང་ཆོལ་ཁ་དང་ལུང་ཚན། དེ་བཞིན་ལངས་ཕྱོགས་གང་ཡིན་ཁ་གསལ་མེད་པའི་རང་དབང་ཅན་གྱི་ཚོགས་པ་ཁག་ཅིག་གིས་ཁུངས་སོ་སོའི་འོས་མི་ཁྱབ་བསྒྲགས་བྱེད་པ་ནི། བོད་མི་རིགས་ལ་སྣང་ཆུང་དང་མང་གཙོ་ལ་མཐོང་མ་སྤྲད་པ་རེད། ཚོགས་པ་མང་པོ་དེ་ཚོ་སྐྱིད་སྡུག་གི་ཚོགས་པ་ཤ་སྟག་ཡིན་པ་ལས་མི་སྒེར་ལས་གྲུབ་པའི་ཆབ་སྲིད་ཀྱི་སྡིངས་ཆ་ཞིག་མིན་ལ། ཆབ་སྲིད་ཚོགས་པ་ཡང་མ་རེད། གལ་ཏེ་ཆབ་སྲིད་ཚོགས་པ་ཞིག་ཡིན་ཚེ། ལྕེ་གཉིས་ཀྱི་དུག་སྦྲུལ་ནང་བཞིན་སྐབས་དང་དུས། རང་ཉིད་ཀྱི་ཁེ་ཕན་ལ་མ་ལྟོས་པར། ལྟ་བ་དང་ལངས་ཕྱོགས་རང་ཚུགས་ཐུབ་པ་ཞིག་ཡོད་དགོས་པ་ལས། རྡ་སའི་གནམ་ཤིས་ནང་བཞིན་འགྱུར་ཆོག་ཆོག་བྱས་ཚེ། རང་ཉིད་ལ་སྤོབས་པ་དང་གདེངས་ཚོད་མེད་པ་བསྟན་པ་ཡིན་པས། མིའི་གདེངས་འཇོག་ཡང་འཇོག་མི་སྲིད་པ་རེད།

ཚོགས་པ་ཁག་ཅིག་གིས་རང་ཉིད་ཀྱི་ཚོགས་པའི་ཁུངས་མིན་པའི་འོས་མི་ཁྱབ་བསྒྲགས་བྱེད་པ་དེ་ནི་ཕྱོགས་རིས་ཀྱི་ཆབ་སྲིད་མེད་པ་འདྲ་བོ་ཞིག་མཐོང་སྲིད་ཀྱང་། རང་ཉིད་ཀྱི་ཁུངས་སུ་འོས་མི་ལངས་ཐུབ་མཁན་མེད་པའམ། ཡང་ན་ཆབ་སྲིད་ཀྱི་རྒྱབ་ལྗོངས་གཞན་ཞིག་ཡོད་མེད་སུས་ཤེས། ཡིན་ནའང་བཙན་བྱོལ་སྤྱི་ཚོགས་ནང་རང་ཉིད་ལ་དབང་ཤུགས་ཡོད་མདོག་བསྟན་པའི་ཁུལ་ཡིན་ན། དེ་ནི་གད་མོ་རྐུབ་ནས་ཤོར་བའི་ལས་ཀ་དང་རང་འཚང་ཞིག་རེད།
སྤྱིར་ང་རང་ཉིད་ལ་མཚོན་ན། ཆོལ་ཁ་དང་ལུང་ཚན་དེ་དག་གིས་འོས་མི་ཁྱབ་བསྒྲགས་བྱེད་པ་དེ་ཚོར་ངོ་རྒོལ་ཡོད་ལ། ཆོལ་ཁ་དང་ལུང་ཚན་དེ་དག་ནང་ཚུད་པའི་བོད་མི་ཚང་མའི་འོས་མི་གཅིག་མཚུངས་ཡིན་པའི་ཡིད་ཆེས་མེད་པ་མ་ཟད། དེ་འདྲ་ཡོང་མི་སྲིད་པ་ཞིག་ཡིན་པས། ཆོལ་ཁ་དང་ལུང་ཚན་སྐྱིད་སྡུག་གི་ཚོགས་པའི་རྒྱུན་ལས་ཚོས་འོས་མི་བཏོན་པ་དེས་ཚོགས་པའི་འོག་ཡོད་མི་མང་གི་ཚབ་མཚོན་མི་ཐུབ།

བོད་མི་མང་གིས་རང་ཉིད་ཀྱི་ཆོལ་ཁ་དང་ལུང་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་འོས་མིར་བརྟག་དཔྱད་ནན་པོ་བྱེད་པ་དང། འོས་མི་གཞན་ལ་ཡང་གཅིག་མཚུངས་ཀྱིས་བརྟག་རྗེས་འོས་འཕེན་དགོས་པ་ལས། ཁུངས་སོ་སོའི་ཚོགས་པ་ཁག་གི་འོས་མིར་འོས་བླུགས་དགོས་པར་བསམས་པའི་གླེན་རྟགས་མ་བྱས་ན་ལེགས། གལ་ཏེ་དེ་ལྟར་བྱས་ཚེ་མང་གཙོའི་དགོས་པ་དང་མ་འོངས་བོད་ཀྱི་བདེན་མཐའ་གསལ་ཐབས་ལ་འགན་མ་ཁུར་བ་ཞིག་ཡིན།
ཚོགས་པ་དེ་དག་གི་བྱེད་སྟངས་ལ་བརྟེན་ནས་བཙན་བྱོལ་སྤྱི་ཚོགས་ནང་དུའང་ཆོལ་ཁ་དང་ལུང་ཚན་གྱི་ཕྱོགས་རིས་ཤུགས་ཆེར་འགྲོ་ཡི་ཡོད་པའི་རྣམ་པ་འདུག་ལ། དེ་ནི་ད་ལྟའི་ཛ་དྲག་གི་དུས་འདིར་ང་ཚོ་ལ་མི་དགོས་ཤིང་། སྐྱུག་བྲོ་བའི་བྱ་བ་ཞིག་ལས་གང་ཡང་མིན་ནོ།།

Share this:
༢༩ ཀློག་གྲངས།