འོས་བསྡུའི་འགན་འཛིན་ཕྱོགས་བསྐྱོད་གནང་བ།

ཟླ་འདིའི་ཚེས་༡༧ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་བཙན་བྱོལ་བོད་མིའི་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ས་གནས་སེར་སྐྱ་མི་མང་ལ་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་བྱེད་ཕྱོགས་དང་། ལྷག་པར་འོས་བསྡུའི་སྒྲིག་གཞི་གཞིར་བཟུང་གིས་ཐོག་མི་མང་གིས་ངོས་ནས་འོས་བསྡུའི་ཆ་ཤས་ལེན་སྟངས་དང་མང་གཙོའི་འཕེལ་རིམ་བཅས་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།

unnamed1444འོས་བསྡུ་འགན་འཛིན་གྱིས་གསུང་བཤད་གནང་སྐབས། ༧གོང་ས་མཆོག་དགུང་ལོ་༡༦ ཐོག་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པའི་སྐབས་དང་ཁེལ་ཡོད་སྟབས། ལས་ཀྱི་སྣེ་མོ་བ་ཚོའི་འགན་མ་བཟོད་ནས་གསོལ་འདེབས་ཞུས་དོན་བཞིན་༧གོང་ས་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་གནང་བ་རེད། སྐབས་དེའི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་ན་ཡང་༧གོང་ས་མཆོག་གི་དགོངས་གཞི་གཙོ་བོ་གཅིག་མང་གཙོའི་ལམ་ལུགས་དང་མཐུན་པའི་སྒོ་ནས་མང་ཚོགས་ཀྱི་འགོ་ཁྲིད་འོས་འདེམས་གནང་རྒྱུ་དང་མང་ཚོགས་ནང་རང་དབང་ཆ་ཚང་ཡོད་དགོས་པ་དེ་གལ་གནད་ཆེན་པོ་ཞིག་ལ་བརྩིས་ནས། ལེགས་བཅོས་ལས་འཆར་གྱི་མཚོན་གནད་དོན་ཁ་ཤས་ཤིག་གི་ཐོག་དགོངས་པ་བསྐྱོན་གནང་པ་རེད། ཡིན་ན་ཡང་སོ་སོའི་རྒྱལ་ཁབ་དགྲ་བོ་རྒྱ་དམར་གྱིས་བཙན་འཕྲོག་བྱས་དེ་གནས་སྟངས་ཐབས་སྐྱོ་ཤོས་དེ་ཆག་པ་རེད། སྐབས་དེར་༧སྐྱབས་མགོན་རིན་པོ་ཆེ་སྐུ་འཁོར་དང་བཅས་བཙན་བྱོལ་དུ་ཆིབས་བསྒྱུར་གནང་དགོས་བྱུང་བ་རེད། དེ་ནས་༡༩༦༠ ལོར་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་ལ་བརྟན་བཞུག་བསྟར་འབུལ་དང་སྦྲགས་ནས་མི་མང་རྡོག་རྩ་གཅིག་སྒྲིལ་དང་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་སྒྲུབ་ཀྱི་ཡིན་ཞེས་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུས་པ་རེད། ༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་གཞིར་བཞག་གི་མང་གཙོའི་ལམ་ལུགས་ཐོག་འགྲོ་དགོས་པའི་བཀའ་སློབ་ལམ་སྟོན་གནང་དོན་བཞིན། ཆོལ་ཁ་དང་ཆོས་ལུགས་ཀྱི་ཁོངས་ནས་སྤྱི་འཐུས་མི་གྲངས་༡༣ དྲག་འདེམས་གནང་ཡོད་པ་རེད། ཕྱི་ལོ་༡༩༦༠ ཟླ་༩ ཚེས་༢ ཉིན་བོད་ཀྱི་མང་གཙོའི་ལམ་ལུགས་དངོས་སུ་དབུ་བརྙེས་པ་རེད། རྩ་བས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་མང་གཙོ་ཚེ་སྲོག་གི་འགྲོ་གྲོན་བཏང་ནས་རྩོད་ལེན་བྱེད་ཀྱི་ཡོད་པ་ཞིག་རེད། འོན་ཀྱང་ང་རང་ཚོར་༧གོང་ས་མཆོག་གིས་མར་མང་གཙོ་གསོལ་རས་གནང་བཞག་པ་ཞིག་རེད། ད་དུང་བོད་མི་མང་གིས་ངོས་ནས་༧སྐྱབས་མགོན་རིན་པོ་ཆེའི་ཡེ་ཤེས་དབྱིངས་སྤྱན་གྱིས་གཟིགས་གནང་རོགས་ཅེས་གསོལ་བ་ཕུར་ཚུགས་སུ་འདེབས་གནང་ཡོད་པ་རེད།

༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་དེ་ཡང་གཏན་འབེབས་གནང་ཡོད་པ་རེད་ལ། སྤྱི་འཐུས་སྐབས་གཉིས་པ་ནས་བཟུང་བུད་མེད་ཀྱི་ནུས་ཤུགས་གོང་མཐོར་ཡོང་ཆེད་བུད་མེད་སྤྱི་འཐུས་ནང་ཡོང་དགོས་པ་དང་རིམ་པས་སྤྱི་འཐུས་ཀྱི་གྲངས་འབོར་མང་དུ་བཏང་གནང་པའི་མཚོན་བསྒྱུར་བཅོས་མང་དག་ཞིག་བཏང་ཡོད་པ་རེད། དེ་ནས་༡༩༩༡ ལོར་བཙོན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་ཡོད་པ་རེད། དེའི་ནང་མང་གཙོའི་ཀ་བ་གསུམ་དང་རང་དབང་ཅན་གྱི་སྡེ་ཚན་གསུམ་བཅས་གཏན་འབེབས་གནང་ཡོད་པ་མ་ཟད་ད་ལྟའི་བར་ཡང་དག་པའི་མང་གཙོའི་ལམ་དང་ལུགས་སྲོལ་ཐོག་ཤར་བསྐྱོད་གནང་བཞིན་ཡོད་པ་རེད།

སྔར་ལམ་ཡིན་ན་བཀའ་བློན་ནང་ནས་བཀའ་བློན་ཁྲི་བ་འོས་འདེམས་གནང་གི་ཡོད་པ་རེད། རིམ་པས་དེ་ཡང་འགྱུར་བ་བཏང་ནས་མི་མང་གིས་ཐད་གར་འོས་འདེམས་ཀྱི་ལམ་ནས་ཟམ་གདོང་རིན་པོ་ཆེས་ལོ་བཅུར་བཀའ་ཁྲི་གནང་བ་རེད། དུས་ཡིན་དེའི་ནང་༧སྐྱབས་མགོན་རིན་པོ་ཆེས་ང་ཕྱེད་བགྲེས་ཡོལ་ཡིན་ད་ཞེས་གསུངས་ཡོད་པ་རེད། ཡིན་ན་ཡང་ལོ་བཅུའི་རིང་ཆབ་སྲིད་དང་འཛིན་སྐྱོང་བཅས་ཀྱི་ཐོག་འཐུས་ཤོར་ཕྱིན་ཡོད་པ་མ་རེད། དེ་ནས་༧སྐྱབས་མགོན་རིན་པོ་ཆེས་འཛིན་སྐྱོང་དང་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲད་གནང་ཡོད་པ་རེད། དེ་འདྲ་ཡིན་དུས་སྔོན་མ་༧སྐྱབས་མགོན་རིན་པོ་ཆེས་མཛད་འགན་བཞེས་ཀྱི་ཡོད་ཙང་ང་ཚོའི་བློ་བདེ་བོ་བྱས་ནས་འགྲོ་བསྡད་ཡོད་པ་རེད། ད་ནས་བཟུང་༧གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་བཞེས་ཀྱི་མེད་ཙང་ང་ཚོའི་སྔར་ལས་ལྷག་འགན་ཁུར་ནས་གཟབ་གཟབ་བྱས་ནས་བོད་མིའི་སྒྲི་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་བཅས་མ་ནོར་བ་ཞིག་འོས་འདེམས་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ལ་འགན་ཆ་ཚང་རྒྱ་ཆེའི་མི་མང་ལ་ཡོད་པ་རེད་ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། སྲིད་སྐྱོང་འོས་མི་གཅིག་ལས་ཁྱབ་བསྒྲགས་ཀྱི་འགྲོ་སོང་ཧིན་སྒོར་འབུམ་བརྒྱད་དང་སྤྱི་འཐུས་མིའི་འགྲོ་སོང་ཧིན་སྒོར་འབུམ་གསུམ་ལས་བརྒལ་བའི་འགྲོ་སོང་གཏོང་ཆོག་གི་མ་རེད། རྒྱབ་སྐྱོར་གནང་མཁན་ཚོའི་ངོས་ནས་ཀྱང་བཀའ་ཁྲོལ་མེད་པར་འགྲོ་སོང་གང་བྱུང་གཏོང་མི་ཆོག་པ་དང་། གཞན་ཡང་འོས་བསྡུའི་སྒྲིག་གཞིའི་ནང་གི་འོས་མིའི་ཆ་རྐྱེན་ལོ་ཚོད་མ་ཟིན་པ་དང་བུ་ལོན་སྒྲུབ་འཇལ་མ་ཐུབ་པ་སོགས་འོས་མིའི་ཆ་རྐྱེན་དང་འོས་འཕེན་པའི་འགན་སོགས་མི་མང་ལ་གསལ་བཤད་གནང་སྐབས། སྤྱི་འཐུས་ཀྱི་དུས་ཡུན་གཏན་འབེམས་སམ་རྒྱས་བཅད་མེད་པར་བསྟུད་མར་འགྲོ་ཆོག་ལ། འོན་ཀྱང་སྲིད་སྐྱོང་གི་དུས་ཡུན་བསྟུད་མར་སྐབས་གཉིས་ལས་བཞེངས་ཆོག་གི་མེད་པ་རེད། མི་མང་གི་ངོས་ནས་སྔར་ལྷག་རང་དོན་རང་གཅེས་ཐོག་སོ་སོའི་འོས་མི་ཚད་ལྡན་ཞིག་སྔོན་ཚད་ནས་གྲ་སྒྲིག་འོས་འདེམས་བྱེད་དགོས་པ་གལ་ཆེན་རེད་ཅེས་སོགས་གསུངས་སོང་།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།

Share this:
༧༡ ཀློག་གྲངས།