དབུས་གཙང་ཆོལ་ཁའི་སྲིད་སྤྱི་གཉིས་ཀྱི་འོས་མི་ཁྱབ་བསྒྲགས།

ཟླ་འདིའི་ཚེས་༡༩ ཉིན་དྷ་ས་མེག་གྷན་དབུས་གཙང་ཆོས་ཀྱི་ཆོལ་ཁའི་ཚོགས་ཁང་དུ་དབུས་གཙང་ཆོལ་ཁའི་ངོས་ནས་བོད་མི་མང་སྤྱི་འཐུས་སྐབས་༡༦ པའི་འོས་མི་དང་། བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་གི་འོས་མི་བཏོན་ཡོད་པའི་གསལ་བསྒྲགས་ཤིག་སྤེལ་སོང་།

གསར་འགོད་གསར་བསྒྲགས་ཐོག་ཏུ་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ཚོགས་གཙོ་ཟླ་བ་ཚེ་རིང་གིས་གསར་འགོད་གསལ་བསྒྲགས་ཤིག་སྒྲོགས་སྦྱང་གནང་བ་དང་། སྲིད་སྤྱི་གཉིས་ཀྱི་འོས་མི་དེ་དབུས་གཙང་ཆོལ་ཁའི་ས་གནས་ཀྱི་འབྲེལ་མཐུད་པ་དང་། ཚོགས་སྐྱིད་ཁག་ནས་མིང་ཐོ་འབྱོར་བ་ཁག་འགན་འཛིན་ལྷན་ཚོགས་ཐོག་མང་མོས་ཐག་གཅོད་བྱས་པ་ཞིག་ཡིན་སྐོར་གསུངས་སོང་ལ། སྲིད་སྐྱོང་འོས་མིའི་ནང་དུ་སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ཟམ་གདོང་རིན་པོ་ཆེ། བཀྲ་ཤིས་དབང་འདུས། ཐུབ་བསྟན་ལུང་རིག ཀུན་དགའ་བཀྲ་ཤིས་བཅས་སླེབས་ཡོད་པའི་ནང་ནས། སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་ཚོགས་ཞུགས་པ་༦༣ གྱིས་འོས་ཤོག་བླུགས་ནས་མང་མོས་ཐོབ་སྟེ། དབུས་གཙང་ཆོལ་ཁའི་འོས་མིར་གཏན་ཁེལ་བྱས་འདུག དབུས་གཙང་སྤྱི་འཐུས་འོས་མི་༢༣ བཏོན་པའི་ནང་དུ་སྤྱི་འཐུས་ལས་ཐོག་༨ དང་། གསར་པ་༡༥ འདེམས་སྒྲིག་བྱས་ཡོད་པ་རེད།

སྐབས་སྔོན་མ་དབུས་གཙང་ཆོལ་ཁའི་སྤྱི་འཐུས་འོས་མི་འདོན་སྐབས། དབུ་མའི་ལམ་གྱི་སྲིད་ཇུས་ཐོག་བསྐྱོད་མཁན་ཡིན་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་རེད། འདི་ལོར་ཆ་རྐྱེན་དེ་འདྲ་མ་བཏོན་པ་དེ་ཕན་ཐོགས་མེད་པ་ཞིག་ལ་ངོས་འཛིན་བྱས་པ་ཡིན་ནམ་ཞེས་གསར་འགོད་པས་སྐད་ཆ་དྲིས་པར། ཚོགས་གཙོ་ཟླ་བ་ཚེ་རིང་གིས་“རྒྱུན་ལས་སོ་སོས་སྐབས་མཚམས་སོ་སོར་བསམ་བློ་གཏོང་སྟངས་གནས་དུས་ཀྱིས་ཁྱད་པར་ཕྱིན་ཡིན་སྲིད་ཀྱི་རེད། ད་ལྟ་ང་ཚོའི་རྒྱུན་ལས་སྐབས་དེ་འདྲ་ཆ་རྐྱེན་འཇོག་དགོས་པའི་རྒྱུ་མཚན་དང་དགོས་མཁོ་མཐོང་མ་སོང་”ཞེས་འགྲེལ་བརྗོད་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༤༩ ཀློག་གྲངས།