རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་བློ་བཟང་ཐུབ་བསྟན་ལི་ཐང་རྫོང་དུ་བཀག་ཉར་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༡༨ ཉིན། བོད་མི་ན་གཞོན་ཞིག་གིས་མདོ་ཁམས་ལི་ཐང་རྫོང་གི་ཁྲོམ་གཞུང་དུ་༧གོང་ས་མཆོག་གི་སྐུ་ཐང་ཆེན་པོ་ཞིག་གནམ་ལ་འཕྱར་ཏེ། བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་སྐད་འབོད་བྱེད་མཁན་བློ་བཟང་ཐུབ་བསྟན་ལི་ཐང་རྫོང་དུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་འདུག

lobsang thubtenསྐབས་དེར་ཁྲོམ་གཞུང་དུ་མི་མང་པོ་མེད་པས་རྐྱེན་གྱིས་རྒྱ་ནག་གི་ཉེན་རྟོག་པ་གོས་ནག་ཅན་སྐོར་ཞིག་གིས་ན་གཞོན་ཁོང་གློ་བུར་སྣུམ་འཁོར་ནག་པོ་ཆུང་ཆུང་ཞིག་གི་ནང་བཙན་ཁྲིད་འཇུ་བཟུང་བྱས་ཡོད། འོན་ཀྱང་། རྒྱ་གཞུང་གི་དམ་དྲག་ཤུགས་ཆེར་བྱས་པས་རྐྱེན་གྱིས་ན་གཞོན་དེ་ལི་ཐང་ནང་ཁུལ་གྱི་རོང་འབྲོག་གང་ནས་ཡིན་པ་དང་། མིང་དང་ཁྱིམ་ཚང་སོགས་ཞིབ་ཕྲའི་གནས་ཚུལ་དེའི་སྐབས་རྩད་གཅོད་ཐུབ་མེད་པ་རེད།

ཟླ་འདིའི་ཚེས་༢༥ ཉིན་སེར་སྨད་བློ་དགས་གནས་ཚུལ་འགྲེལ་བརྗོད་གནང་དོན། “ཁོང་གི་མིང་ལ་བློ་བཟང་ཐུབ་བསྟན་ (ཐུབ་སྦེ) ཟེར། ཕ་མིང་ལ་བྱིས་འཕག་མིས་མིས་དང་། མ་མིང་ལ་བསྟན་ལོ་ཟེར། (བྱིས་འཕག་ཅེས་ནི་མི་བརྒྱུད་ཅིག་གི་མིང་ཡིན་པ་དང་མི་བརྒྱུད་དེ་ལི་ཐང་གི་རོང་འབྲོག་གཉིས་ཀའི་སྡེ་ཚོ་མང་པོའི་ནང་གནས་ཡོད་པའི་མི་བརྒྱུད་ཅིག་རེད།) རྒྱལ་གཅེས་པ་ཐུབ་སྦེ་ནི་ད་ལྟ་རང་ལོ་༡༧ ཡིན་ལ། ཁོང་ནི་ལི་ཐང་གཡོན་རུའི་འབྲོག་སྡེ་ལ་སྡེ་ཁག་མང་པོ་ཡོད་པའི་ནང་ནས་དཔོན་སྐོར་སྡེ་བ་ནས་རེད་”ཅེས་འགྲེལ་བརྗོད་བྱས་སོང་།

ལི་ཐང་དུརྒྱ་དམག་གིས་དམ་དྲག་བྱེད་བཞིན་པའི་ཉེ་ཆར་གྱི་པར།
ལི་ཐང་དུརྒྱ་དམག་གིས་དམ་དྲག་བྱེད་བཞིན་པའི་ཉེ་ཆར་གྱི་པར།
ཁོང་གིས་མུ་མཐུད་འགྲེལ་བརྗོད་གནང་དོན། མི་ཚང་དེར་ཁྱིམ་མི་༡༡ ཡོད་པ་དང་ཁྱིམ་ཚང་གི་འཚོ་བ་དེ་ཉེ་སྐོར་འབྲོག་པའི་ནང་ཡག་གྲས་ཤིག་ཏུ་གྱུར་ཡོད་པ་དང་། རྒྱལ་གཅེས་པ་ཐུབ་སྦེ་ཁོང་ནི་ལི་ཐང་དགོན་པའི་ནང་སློབ་གཉེར་བྱས་མྱོང་བའི་ཐོག དུས་རྒྱུན་དུ་སྤྱི་ཚོགས་ཀྱི་བསམ་བློ་དང་སྐད་དང་རིག་གནས་ལ་འགན་ཁུར་གྱི་བསམ་བློ་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང་ད་ལྟ་ཁོང་ལི་ཐང་རྫོང་ནང་བཀག་ཉར་བྱེད་བཞིན་པ་རེད་འདུག

རྒྱ་གཞུང་གིས་ཁོང་འཇུ་བཟུང་བྱས་མ་ཐག་ནས། ས་ཚུགས་གལ་ཆེ་བར་ལྐོག་མིག་གྲངས་ལས་འདས་པ་ཡོད་མུས་ལ། ལི་ཐང་གི་ས་ཁུལ་ཁྱོན་ཡོངས་སུ་རྒྱ་ནག་གི་ཞི་བའི་ཉུལ་ཞིབ་རུ་ཁག་གི་མི་སྣ་རྣམས་མངོན་གསལ་དོད་དུ་ཕྱིན་པ་དང་། དྲག་པོའི་དམག་མིས་དམ་དྲག་གི་རྣམ་འགྱུར་ཤུགས་ཆེ་རུ་བཏང་བ། བཅས་ཀྱི་གནས་ཚུལ་ལ་བརྟེན་ནས་ས་གནས་བོད་མི་མང་ཆེ་བས་རྒྱལ་གཅེས་པ་ཐུབ་སྦེ་ལགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པ་དངོས་སུ་མཐོང་མེད་ཀྱང་དུས་ཚོད་ཐུང་ཐུང་ནང་། རྒྱ་ནག་གཞུང་གི་ས་གནས་སུ་ཞི་དྲག་གི་ལས་དོན་སྒྲུབ་ངེས་ཚོའི་བྱེད་བབ་ཀྱི་རྣམ་འགྱུར་ལ་བརྟེན་ནས། བོད་དོན་སྐད་འབོད་བྱས་པ་དང་འཇུ་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་ལས་སླ་པོར་ཤེས་ཡོད། སྐབས་དེ་དུས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་བཀྲོངས་པ་དང་བརྒྱད་གཅིག་དམག་གི་དུས་ཆེན་སྲུང་བརྩི། རྒྱལ་གཅེས་དཔའ་བོ་རུང་རྒྱས་ཨ་གྲགས་ལགས་བཙོན་གྲོལ་བཏང་ནས་ཉིན་མང་པོ་ཕྱིན་མེད་པ་བཅས་ཀྱི་གནས་ཚུལ་ལ་བརྟེན་ནས། སྐབས་དེར་དམ་དྲག་ཡོད་བཞིན་པ་དེ་རྣམས་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

ལི་ཐང་དུ་རྒྱ་དམག་གིས་དམ་དྲག་བྱེད་བཞིན་པའི་ཉེ་ཆར་གྱི་པར།
ལི་ཐང་དུ་རྒྱ་དམག་གིས་དམ་དྲག་བྱེད་བཞིན་པའི་ཉེ་ཆར་གྱི་པར།

Share this:
༨༡ ཀློག་གྲངས།