སྤྱི་འཐུས་དང་ཆབ་སྲིད་ཀྱི་གལ་གནད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༥༧ ཕྱི་ལོ་ ༢༠༡༥/༨/༢༦

ལོ་འདིར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྲིད་སྐྱོང་དང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུ་ཆེན་པོ་གཉིས་དུས་མཉམ་དུ་ཁེལ་ཡོད་པ་དང། བོད་པའི་སྤྱི་ཚོགས་ནང་སྲིད་སྐྱོང་གི་སྐོར་ལ་དོ་སྣང་ཆེན་པོ་བྱེད་བཞིན་པ་ལས། སྤྱི་འཐུས་ཀྱི་འོས་བསྡུའི་སྐོར་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད་པ་ལྟ་བུར་གྱུར་འདུག ཕྱོགས་གཅིག་ནས་བལྟས་ན་སྤྱི་འཐུས་ལྷན་ཚོགས་ཀྱི་རྩ་འབོར་སུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་ན་སྲིད་སྐྱོང་དང། བཀའ་ཤག་ཡོངས་རྫོགས། ཁྲིམས་ཞིབ་པ་རྣམ་པ་དང། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་སོགས་ཕྱིར་འཕུད་བྱེད་ཐུབ་ཅིང། བཅའ་ཁྲིམས་དང་སྒྲིག་གཞི་ཁག་ཀྱང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བསྒྱུར་བཅོས་བྱེད་ཆོག་པས། སྤྱི་འཐུས་ལྷན་ཚོགས་དེ་ཁྲིམས་ཀྱི་ཐོག་ནས་ཧ་ཅང་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་བཞིན། སྤྱི་སྲོལ་གྱི་ཐོག་ནས་བཤད་ཀྱང་ཁྲིམས་བཟོ་ལྷན་ཚོགས་ནི་མང་གཙོའི་ལམ་ལུགས་ཀྱི་ནང་དུ་ཧ་ཅང་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ནི་བཤད་མ་དགོས་པ་རེད། དེར་བརྟེན་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་འོས་འདེམས་འདི་ལའང་མི་མང་གི་དོ་སྣང་མི་བྱེད་རང་བྱེད་དུ་གྱུར་ཡོད།

ཕྱོགས་གཅིག་ནས་སྔོན་མ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་གྲོས་ཚོགས་ནང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་མང་མོས་གང་གིས་ཐག་གཅོད་བྱས་པ་ཞིག་ཡིན་ཡང། དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དང་མི་མཐུན་པ་ཞིག་ཡིན་ན་བཀའ་ཤག་གིས་༧གོང་ས་མཆོག་གི་ལམ་སྟོན་ལག་བསྟར་བྱེད་རྒྱུ་ཡིན་པ་ལས། སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་མང་མོས་གང་གིས་ཐག་བཅད་པ་དེ་བརྩི་བཀུར་བྱེད་ཐུབ་ཀྱི་མ་རེད་ཅེས་ཞལ་གསལ་པོའི་ཐོག་ནས་གསུངས་ཡོད། དོན་དངོས་ཐོག་ནས་བཤད་ན་བཙན་བྱོལ་བོད་མི་ཚོའི་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་ཀྱང། ༧གོང་ས་མཆོག་གི་ལམ་སྟོན་ལ་བརྩི་བཀུར་བྱེད་པ་ལས་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་དེ། ༧གོང་ས་མཆོག་གི་ལམ་སྟོན་ལས་ཀྱང་གལ་ཆེན་པོར་བརྩི་མི་སྲིད་པ་ལྟ་བུ་རེད། དེར་བརྟེན་སྐབས་དེར་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུངས་པ་དེ་མང་གཙོའི་ལམ་སྲོལ་དང་མཐུན་མིན་གང་ལྟར་ཡང་དངོས་ཡོད་གནས་ཚུལ་འབའ་ཞིག་ཡིན་པ་ལས་ཧེ་བག་གང་ཡང་མེད།

དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་གྲོས་ཚོགས་ནས་གཏན་འབེབས་བྱས་པ་ཞིག་ཡིན་པ་དེ་ཡོངས་གྲགས་ཀྱི་བཤད་སྟངས་ཤིག་རེད་དེ། སྔོན་མ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཚོད་ལྟ་ལྟ་བུའི་ཐོག་ནས་མང་མོས་འོས་བསྡུ་ཞིག་བྱས་ཀྱང་དེའི་ཐོག་ནས་མཐའ་མའི་ཐག་གཅོད་མ་བྱས་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མི་མང་ཆེ་བའི་བསམ་བློ་དང་བསྟུན་ནས་“བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༡༩༩༧ ཟླ་༩ ཚེས་༡༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབས་ལ་གཟིགས་ཏེ་དུས་ནས་དུས་སུ་ཐག་གཅོད་མཛད་གནང་ཡོང་བ་དང། ཐག་གཅོད་གང་གནང་ལ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་གནང་བ་དང་གཅིག་གྱུར་བརྩི་རྒྱུ་ཡིན་པའི་སྤྱི་མོས་གྲོས་ཆོད་གཏན་འབེབས་གནང།”བ་ལྟར་ན། ཉི་མ་སང་ཉིན་༧གོང་ས་མཆོག་གིས་བོད་ཀྱི་རྩ་དོན་དེ་རང་བཙན་གཙང་མ་སླར་གསོ་ཡོང་ཐབས་ཁོ་ན་བྱེད་དགོས་ཚུལ་གསུངས་ཀྱང། ༡༩༩༧ ལོའི་གྲོས་ཆོད་དེ་ལ་འགྱུར་བ་གང་ཡང་གཏོང་མི་དགོས།

གནད་དོན་འདི་ལྟ་བུ་ལ་བརྟེན་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྤྱི་འཐུས་ལྷན་ཚོགས་དེ་ཙམ་གལ་གནད་ཆེན་པོ་ཞིག་ཏུ་མི་བརྩི་བའང་ཡིན་སྲིད་པ་ཞིག་རེད། གང་ལྟར་བོད་པའི་སྤྱི་ཚོགས་ནང་རྟེན་འབྲེལ་གྱི་སརྒ་མི་འཁྲུགས་པ་ཙམ་གྱི་ཆེད་དུ་མང་གཙོའི་ཀ་བ་གསུམ་ཀ་ཚང་དགོས་པ་དེ་ཡང་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་དགོས། བཙན་བྱོལ་བོད་པའི་གྲོས་ཚོགས་དེ་ཉིད་གྲུབ་ཆ་དང་ཡོང་ཁུངས་ཀྱང་གཞན་དང་མི་འདྲ་བར་དམིགས་བསལ་ཞིག་ཡིན་པ་དང། ངོ་བོ་ཡང་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པ་གཉིས་ཀའི་གོ་ཆོད་དགོས་པས་དམིགས་བསལ་བ་ཞིག་ཡིན། འོན་ཀྱང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་གཞིགས་ནས་བཤད་ན་སྒྲོམ་གཞི་འདི་ཡང་འོས་འཚམས་མེད་པ་ཞིག་ཏུ་གཏན་ནས་གྱུར་མེད། ལོ་འདིར་སྤྱི་འཐུས་ཀྱི་འོས་བསྡུ་ལའང་མི་མང་གིས་དོ་སྣང་ཆེན་པོ་བྱེད་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད། འོས་བསྡུའི་སྐབས་དོ་སྣང་མ་བྱས་པར་རང་ཉིད་ཀྱི་ཐོབ་ཐང་ལེན་མ་ཐུབ་ན་རྗེས་མ་སྤྱི་འཐུས་ཡག་པོ་མེད་རབས་བཤད་ཀྱང་འཕྱི་སོང་བ་རེད།

མདོར་ན་ལོ་འདིའི་འོས་བསྡུ་ཆེན་པོ་དེ་ཡང་ཆོལ་ཁའི་ཕྱོགས་ཞེན་སོགས་གཏན་ནས་མེད་པ་ཞིག་ཡོང་མི་སྲིད་པ་དེ་སྡེ་ཚན་རེ་ཟུང་ནས་འོས་གཞི་འདོན་སྟངས་སོགས་ཕྱོགས་གང་ཐད་ནས་གསལ་པོ་ཆགས་སོང་ཡང། ཆེ་ས་ནས་སྒེར་འཁོན་ལས་སྤྱི་པའི་རྩ་དོན་གལ་ཆེན་པོར་འཛིན་ཐུབ་མཁན་གྱི་མི་སྣ་འབའ་ཞིག་སླེབས་ཐུབ་ན། ཆུང་ས་ནས་ཆོལ་ཁ་སོགས་ཀྱི་རྩོད་པ་ཅུང་ཙམ་རེ་ཡོང་སྲིད་པ་དེ་དག་གིས་དེ་ཙམ་ཕན་གནོད་ཆེན་པོ་མེད་པར་ངོས་འཛིན་མི་བྱེད་རང་བྱེད་དུ་གྱུར་ཡོད། མི་ལོ་ལྔ་བཅུ་ལྷག་གི་རིང་བོད་མིའི་སྒྲིག་འཛུགས་འདི་ཡང་ད་བར་ཁ་འཐོར་དུ་མ་སོང་བར་གནས་ཐུབ་པ་འདི། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང། དེ་ལ་དབུ་འོག་དཔུང་འདེགས་བྱེད་མཁན་གྱི་ལས་བྱེད་དང་མི་མང་གི་ནུས་ཤུགས་ལ་བརྟེན་ནས་བྱུང་བ་རེད། མ་འོངས་པར་གནས་སྟངས་ག་འདྲ་ཞིག་ལ་ཐུག་ཀྱང་སྤྱི་པའི་སྒྲིག་འཛུགས་ལ་གནོད་སྐྱོན་དུ་འགྱུར་བའི་རིགས་ལ་སྔོན་ནས་དོགས་ཟོན་ནན་པོ་བྱེད་མ་ཐུབ་ན་བོད་ཀྱི་རྩ་དོན་ལ་འཕྲལ་ཕུགས་གཉིས་སུ་གནོད་སྐྱོན་ཆེ་ཤོས་སུ་འགྱུར་ངེས་པས་སྤྱི་འཐུས་ཚད་ལྡན་འབའ་ཞིག་སླེབས་དགོས་པ་དེ་ཡང་ཧ་ཅང་གལ་ཆེ།།

Share this:
༡༢༥ ཀློག་གྲངས།