ཡུ་རོབ་རྒྱལ་ཁབ་ཁག་ལ་སྐྱབས་བཅོལ་བའི་དཀའ་ངལ་འཕྲད་བཞིན་པ།

ཁ་སང་འཇར་མན་གྱི་སྲིད་བློན་ལྕམ་མར་ཁལ་གྱིས་ཡུ་རོབ་སྤྱི་ཡོངས་ནས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཡོང་བཞིན་པའི་སྐྱབས་བཅོལ་བ་དང་ཡུལ་མི་གནས་སྤོ་བའི་གནད་དོན་ཐག་གཅོད་ཐོག ཚང་མས་མཉམ་རུབ་ཀྱི་བྱ་སྤྱོད་ཅིག་སྤེལ་མ་ཐུབ་པ་ཡིན་ན། ཡུ་རོབ་མནའ་འབྲེལ་གྱི་ཕམ་ཁ་ཞིག་ཏུ་འགྱུར་རྒྱུ་ཡིན་སྐོར་བརྗོད་འདུག

150831151157_migrants640འཇར་མན་གྱི་སྲིད་བློན་ལྕམ་མར་ཁལ་གྱིས་གལ་སྲིད་ཡུ་རོབ་ཀྱིས་སྐྱབས་བཅོལ་བའི་གནད་དོན་ཐག་གཅོད་ཡག་པོ་མ་བྱས་པ་ཡིན་ན། མ་འོངས་པའི་ཡུ་རོབ་ཀྱང་ང་ཚོའི་རེ་བ་ནང་བཞིན་གྱི་ཡུ་རོབ་ཅིག་ཆགས་རྒྱུ་མ་རེད་ཅེས་བརྗོད་ཡོད་པ་དང་། ལྕམ་མར་ཁལ་གྱི་གཏམ་བཤད་དེ་ནི་ཨོ་སི་ཁྲོ་རི་ཡའི་གཞུང་གིས་རྒྱལ་ཁབ་དེའི་ཤཪ་ཕྱོགས་ཀྱི་མཐའ་མཚམས་ནས་མི་ནག་ཚོང་རྒྱག་མཁན་ལྔ་འཇུ་བཟུང་བྱས་པའི་རྗེས་སུ་སྤེལ་བ་ཞིག་ཡིན་ཞིང་། ཨོ་སི་ཁྲོ་རི་ཡའི་ཉེན་རྟོག་པས་ཟླ་འདིའི་ཕྱི་ཟླ་༨ པའི་ཚེས་༢༧ ཉིན་ཧན་གྷི་རི་དང་ཐག་ཉེ་བའི་མཐའ་མཚམས་སུ་དོལ་སྐྱེལ་རླངས་འཁོར་ཞིག་གི་ནང་ནས་ཡུལ་མི་གནས་སྤོ་བའི་ཕུང་པོ་༧༡ རྙེད་སོན་བྱུང་ཡོད་པ་མ་ཟད། ཨོ་སི་ཁྲོ་ལི་ཡའི་ཉེན་རྟོག་པས་ཉིན་དེའི་མཚན་མོར་ཡུལ་མི་གནས་སྤོ་བ་༢༠༠ བརྒལ་བ་ལག་སོན་བྱུང་ཡོད་འདུག

ལྕམ་མར་ཁལ་གྱིས་ཡུ་རོབ་རྒྱལ་ཁབ་ཁག་གིས་ངེས་པར་དུ་སྐྱབས་བཅོལ་བའི་འགན་ཁུར་དགོས་ཞེས་བརྗོད་ཡོད་ཅིང་། སྤྱིར་ད་ལྟའི་ཆར་འཇར་མན་དུ་སྐྱབས་བཅོལ་ཞུ་མཁན་གྱི་མི་འབོར་གྲངས་ལྡབ་༤ ལ་ཡར་འཕར་ཏེ། ཕལ་ཆེར་ཁྲི་༨༠ བརྒལ་ཡོད་ཀྱང་། ལྕམ་མར་ཁལ་གྱིས་འཇར་མན་གྱི་ཡུལ་མི་གནས་སྤོའི་གནད་དོན་སྐོར་ལན་འདེབས་བྱེད་སྐབས། སྔར་བཞིན་འཇར་མན་སྟོབས་ཤུགས་ཆེ་བས། ང་ཚོར་ད་དུང་ཡང་བསྡུ་ལེན་གྱི་ནུས་པ་ཡོད་ཅེས་བརྗོད།

ཉིན་ཤས་སྔོན་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་སྐྱབས་བཅོལ་བའི་ས་གཞིས་བཀོད་སྒྲིག་ལ་དམིགས་པའི་ཁང་ཁྱིམ་མེར་སྲེག་གནད་དོན་དང་ཡུལ་མི་གནས་སྤོའི་ཁྲོམ་སྐོར་ལ་ངོ་རྒོལ་སོགས་ཀྱི་སྐོར། ལྕམ་མར་ཁལ་གྱིས་མི་གཞན་གྱི་ཆེ་མཐོང་ལ་དོགས་སློང་བྱེད་པའི་བྱ་སྤྱོད་ནི་བཟོད་བསྲན་བྱ་ཐབས་མེད་པ་ཞིག་ཡིན་ཚུལ་བརྗོད་ཡོད་ལ། ལྕམ་མར་ཁལ་གྱི་འབོད་སྐུལ་ལ་ཧྥ་རེན་སིའི་སྲིད་བློན་ཝེལ་སི་(Vals) ཡིས་མཐུན་ཕྱོགས་ཀྱི་ལན་འདེབས་བྱས་ཡོད་པ་དང་། སྲིད་བློན་ཝེལ་སི་ཡིས་ཡུལ་མི་གནས་སྤོའི་གཉེན་འཕྲང་ནི་“དུས་ཡུན་རིང་པོ་དང་དཀའ་ཚེག་ཅན་གྱི་གདོང་ལེན་ཞིག་རེད་ཅེས་བརྗོད་ཡོད་པ་རེད།

ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་དུ་གནས་སྤོ་རུ་ཡོང་མཁན་མང་ཤོས་ཀྱི་ལུང་པ་ནི་ནང་འཁྲུག་འབྱུང་བཞིན་པའི་སི་རི་ཡ་དང་དཀྱིལ་ཤར་ཡུལ་གྲུ་ཁག དེ་བཞིན་ལྷོ་ཨ་ཧྥི་རི་ཁ་སོགས་ཡིན་འདུག་ལ། ཉེ་བའི་ཆར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་དང་གནས་སྤོ་ཡོང་ཧ་ཅང་མང་པོ་ཞིག དོལ་སྐྱེལ་རླངས་འཁོར་ནང་སྡེབ་ཤི་ཐེབས་པའི་དོན་རྐྱེན་དང་སྐམ་མཚོ་གཉིས་ནས་རྐྱེན་ངན་གོད་ཆག་ཐེངས་འགའ་བྱུང་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་༧ པའི་ནང་ཡུ་རོབ་ཏུ་འབྱོར་བའི་ཡུལ་མི་གནས་སྤོ་བའི་སྤྱིའི་གྲངས་འབོར་གྱིས་སྔར་གྱི་ཟིན་ཐོ་བརྟོལ་ཏེ་༡༠༧༥༠༠ ལྷག་བརྒལ་ཡོད་པ་རེད།

ཡུ་རོབ་མནའ་འབྲེལ་རྒྱལ་ཁབ་ཁག་གི་ནང་སྲིད་བློན་ཆེན་རྣམས་ཀྱིས་འབྱུང་འགྱུར་ཕྱི་ཟླ་༩ པའི་ཚེས་༡༤ ཉིན་དམིགས་བསལ་ཚོགས་འདུ་ཞིག་བསྡུ་སྐོང་གི་ལམ་ནས། ཡུལ་མིའི་གནས་སྤོ་དང་སྐྱབས་བཅོལ་བའི་གནད་དོན་ཐོག་གྲོས་བསྡུར་བྱ་གཏན་ཁེལ་ཡོད་ནའང་། ཡུ་རོབ་རྒྱལ་ཁབ་ཁག་གིས་གནད་དོན་དེའི་ཐོག་གྲོས་འཆམ་ཡོང་རྒྱུ་ཧ་ཅང་དཀའ་བ་མ་ཟད། རྒྱལ་ཁབ་ཁ་ཤས་ཀྱིས་སྐྱབས་བཅོལ་བ་ལེན་རྒྱུར་ཁས་ལེན་བྱེད་བཞིན་མེད་པ་དང་། ཁ་ཤས་ཀྱིས་སྐྱབས་བཅོལ་བའི་གནད་དོན་དང་མཐའ་མཚམས་བདེ་འཇགས་ཐོག་རྟོག་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག ཧན་གྷི་རི་ཡིས་སིར་བྷི་ཡའི་ (Serbia) མཐའ་མཚམས་ནས་སྐྱབས་བཅོལ་བ་ཡོང་རྒྱུར་བཀག་འགོག་ཆེད་ལྕགས་སྐུད་ཀྱི་དྲ་མ་སྒྲིག་འཇོག་བྱས་པ་དེར། ཁ་ཉིན་ཧྥ་རེན་སི་ཡིས་སྐྱོན་བརྗོད་བྱས་ཡོད་པ་དང་། དབྱིན་ཡུལ་གྱི་ནང་སྲིད་བློན་ཆེན་ཐི་རི་སི་མེ་ (Theresa • Mei) ཡིས་ཞང་གྷན་Schengen (མཐའ་འཚམས་མེད་པའི་)ལམ་ལུགས་ཀྱིས་སྐྱབས་བཅོལ་བའི་གཉེན་འཕྲད་སྡུག་ཏུ་གཏོང་སྲིད་པའི་ངོས་འཛིན་བྱས་ཡོད་ཅིང་། སྤྱིར་ཡུ་རོབ་ཀྱི་ཞང་གྷན་ཚོགས་མི་རྒྱལ་ཁབ་ཁ་ཤས་ཀྱིས་ཞང་གྷན་ལམ་ལུགས་བསྐྱར་བཅོས་ཀྱི་བསམ་བློ་གཏོང་བཞིན་ཡོད་ཀྱང་། བསམ་ཚུལ་དེར་ཡུ་རོབ་མནའ་འབྲེལ་མཐོ་རིམ་འཛིན་སྐྱོང་ནས་ངོ་རྒོལ་དྲག་པོ་བྱས་ཡོད་པ་རེད།།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།

Share this:
༨༩ ཀློག་གྲངས།