བོད་མིའི་འགོ་ཁྲིད་འོས་བསྡུའི་ཐོབ་ཐང་དང་འགན་འཁུར་གཉིས་ཀ་མི་མང་ལ་ཡོད།

ཟླ་འདིའི་ཕྱི་ཚེས་༢ ཉིན་གྱི་སྔ་དྲོ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་མང་གཙོའི་དུས་ཆེན་ཐེངས་༥༥ པ་སྲུང་བརྩིའི་མཛད་སྒོ་འཚོགས་པ་དང་། དེར་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཤཱི་རི་ཤཱན་ད་ ཀུ་མར་དང་(Shri shanta kumar) དམིགས་བསལ་སྐུ་མགྲོན་རྒྱ་གར་གྱི་བུད་མེད་དང་བྱིས་པའི་བློན་ཆེན་མཱེ་ནི་ཀ གྷན་དྷི་(meneka Gandhi) ཕེབས་ཡོད་པ་རེད།

145dདེ་བཞིན་དུས་ཆེན་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་བཀའ་རྒྱུད་དོན་གྲུབ་ཀྱིས་དབུས་ཁྲིམས་ཞིབ་པ་གཞན་རྣམ་པ་དང་། སྲིད་སྐྱོང་བློ་བཟང་སེང་གེས་དབུས་ཕྱག་རོགས་བཀའ་བློན་རྣམས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དབུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་དང་། སྤྱི་འཐུས་རྣམས། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་། སྲི་ཞུའི་ལས་བྱེད་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། དྷ་ས་ཁུལ་གྱི་མི་མང་དང་སློབ་ཕྲུག་སོགས་འདུ་འཛོམས་བྱུང་ཡོད་པ་རེད།

མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་རྒྱ་གར་གྱི་རྒྱལ་གླུ་བཏང་སྟེ། རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་བྱས་ཡོད་པ་རེད། དེ་བཞིན་མཛད་སྒོའི་ཐོག་སློབ་མ་ཁག་ཅིག་ལ་དགའ་ལྡན་ཕོ་བྲང་གཟེངས་རྟགས་གནང་ཡོད་པ་རེད།
ཉིན་དེའི་སྐབས་བཀའ་ཤག་གི་གཏམ་བཤད་སྲིད་སྐྱོང་གིས་སྒྲོགས་སྦྱང་གནང་བའི་ནང་༧གོང་ས་མཆོག་གིས་མང་གཙོ་གསོལ་རེས་གནང་བར་ཆེ་བསྟོད་སྔོན་དུ་བཏང་ནས། མ་འོངས་པར་མང་གཙོ་ལག་བསྟར་ཚད་ལྡན་ཡོང་ཐབས་དགོས་སྐོར་འཁོད་དོན། “རིང་མིན་མང་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་གནང་རྒྱུ་ཡིན་ཞིང་། སྔོན་འགྲོའི་འོས་བསྡུ་ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༡༨ ཉིན་དང་། དངོས་གཞིའི་འོས་བསྡུ་ཕྱི་ལོ་༢༠༡༦ ཟླ་༣ ཚེས་༢༠ ཉིན་བཅས་སོ་སོར་གནང་གཏན་འཁེལ་ཡོད་སྟབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་ བསྡུའི་སྒྲིག་གཞི་ནང་གསལ་འོས་ཆོས་ཚང་བའི་བོད་མི་ཀུན་གྱི་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་གནང་རྒྱུ་གལ་ཆེན་ཡིན་པ་མ་ཟད། བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་གཉན་འཕྲང་ཆེ་བ་དང་། བཙན་བྱོལ་བོད་མིའི་གནས་བབ། རང་ཅག་རྣམས་ཀྱི་བསྒྲུབ་བྱ་ཇི་ཡིན་སོགས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བསམ་ཞིབ་ཀྱིས་བོད་མིའི་མངོན་འདོད་བསྒྲུབ་པར་བྱེད་མཁན་འགོ་ཁྲིད་འོས་བསྡུ་བྱ་རྒྱུའི་ཐོབ་ཐང་དང་འགན་འཁུར་གཉིས་ཀ་མི་མང་ལ་ཡོད། ཡང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་བཞུགས་མཁན་དང་རྒྱབ་སྐྱོར་གནང་མཁན་ཀུན་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ཀྱི་ཁྱད་རྣམ་མ་དོར་ བའི་སྒོ་ནས་གཏམ་བཤད་དང་བསྒྲགས་གཏམ་སོགས་གནང་དགོས་ཞེས་གལ་ཆེ་ནན་ཏན་གྱི་འབོད་བསྐུལ་ཞུ་རྒྱུ་ཡིན། ང་ཚོས་སྤྲོ་སྣང་ཆེན་པོའི་སྒོ་ནས་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་བཞིན་པ་འདིས། རྒྱ་ནག་གཞུང་གིས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་མི་རིགས་ཀྱི་རང་དབང་མང་གཙོའི་མངོན་འདོད་མཚོན་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཐུབ་པ་ཡོང་རྒྱུ་མ་ཟད། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ལའང་གདུང་སེམས་མཉམ་བསྐྱེད་དང་། སྙིང་སྟོབས་འཕེལ་གཞིར་ཡང་འགྱུར་རྒྱུ་ཡིན་”ཞེས་འཁོད་འདུག

452dབཀའ་ཤག་གི་གཏམ་བཤད་ནང། བོད་ནང་གི་གནས་བབས་དང་འབྲེལ་ནས་འཁོད་དོན། “མང་གཙོའི་རིང་ལུགས་ཀྱི་ཐབས་ལམ་ལ་བརྟེན་ནས་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་ གྱི་བར་བོད་མིའི་འཐབ་རྩོད་མུ་མཐུད་གནས་རྒྱུ་ཡིན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་ཆེན་སྲུང་བརྩི་བྱ་རྒྱུ་དང་པེ་ཅིང་ནས་ཆེས་མཐོའི་འགོ་འཁྲིད་ཚང་ འཛོམས་བྱ་འཆར་གྱི་གནས་ཚུལ་ཐོན་འདུག་རུང་། བོད་ནང་གི་དངོས་ཡོད་གནས་སྟངས་ལ་བལྟས་ན་དེ་ལྟར་སྲུང་བརྩི་བྱ་དགོས་པའི་རྒྱུ་མཚན་གང་ཡང་མཐོང་རྒྱུ་མེད། ང་ཚོའི་འཐབ་རྩོད་ཀྱི་དམིགས་ཡུལ་གལ་གནད་ཆེ་ཤོས་ནི། བཙན་གནོན་འོག་མནར་གཅོད་མྱོང་བཞིན་པའི་གཞིས་བཞུགས་བོད་མིའི་དཀའ་སྡུག་སེལ་ཐབས་བྱེད་རྒྱུ་དེ་ཡིན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་ནང་འདས་ གྲོངས་ཕྱིན་པའི་གནད་དོན་དེས་རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་མཁྲེགས་འཛིན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་སླར་ཡང་གསལ་བཏོན་བྱས་ཡོད། ཉེ་སྔོན་རུང་རྒྱས་ཨ་གྲགས་དང་ཆབ་སྲིད་བཙོན་པ་ཁ་ཤས་གློད་འགྲོལ་བཏང་ཡོད་རུང་། ད་དུང་ཡང་བོད་མི་དཔའ་བོ་དང་དཔའ་མོ་མང་པོ་རྒྱ་ནག་གི་བཙོན་ཁང་ནང་མནར་གཅོད་མྱོང་བཞིན་ཡོད། རང་ལུས་མེར་སྲེག་གནང་མཁན་བོད་མི་ ༡༤༢ བྱུང་བ་རྣམས་ཀྱི་འཆི་ཁའི་རེ་འདུན་དང་། གཞིས་བཞུགས་བོད་མིའི་མངོན་འདོད་ད་ལྟ་ཡང་འགྲུབ་རྒྱུ་ཡིན་”ཞེས་དང་།
“བོད་མིའི་མངོན་འདོད་བསྒྲུབ་ཐབས་སུ་བཀའ་ཤག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་བྱེད་དང་བྱེད་མུས་ཡིན། ཞི་ཅིན་ཕིང་གིས་དབུ་འཁྲིད་པའི་རྒྱ་ནག་གཞུང་གིས་གྲོས་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུ་དེ་ཉིད་ཐབས་ལམ་བཟང་ཤོས་ཡིན་པ་གོ་རྟོགས་རྙེད་པའི་རེ་བ་ཡོད་”ཅེས་སོགས་འཁོད་ཡོད་པ་རེད།

256dབོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏམ་བཤད་ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྒྲོགས་སྦྱང་གནང་བའི་ནང་༧གོང་ས་མཆོག་ལ་ཆེ་བསྟོད་ཞུས་པ་དང་། བཙན་བྱོལ་བོད་མིའི་མང་གཙོའི་སྐོར་འཁོད་དོན། “དེང་སྐབས་བོད་མིའི་མང་གཙོའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དབང་འཛིན་ཕུད་པའི་སྒྲིག་འཛུགས་གལ་ཆེ་ཤོས་གཉིས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་ སྐྱོང་གི་དབུ་འཁྲིད་སྲིད་སྐྱོང་དང། ཁྲིམས་བཟོ་ལྷན་ཚོགས་སམ། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྤྱི་འཐུས་རྣམས་ཀྱི་འོས་བསྡུ་ཆེན་མོ་གཉིས་སླེབས་ལ་ཉེ་བའི་སྐབས་འདིར་ སྤྱི་ཚོགས་ནང་བགྲོ་གླེང་དང། དོ་སྣང་ཆེན་པོ་བྱེད་བཞིན་པ་གང་ལེགས་དང། སྲིད་སྐྱོང་དང། འཐུས་མི་འོས་འདེམས་ཀྱི་གོ་སྐབས་འདི་ལྟ་བུ་ནི་ལོ་ལྔ་རེའི་མཚམས་སུ་མ་གཏོགས་ ཡོང་རྒྱུ་མེད་ཅིང། མང་གཙོའི་རིང་ལུགས་ཅན་གྱི་སྒྲིག་འཛུགས་ནང་འོས་བསྡུའི་ལས་རིམ་འདི་བཞིན་མང་ ཚོགས་ཀྱི་ལས་འགན་གལ་གནད་ཅན་ཞིག་ཡིན་པས་འོས་བསྡུའི་དེབ་སྐྱེལ་དང་། དངོས་སུ་འོས་འཕེན་ཁག་བཅས་པར་མཉམ་ཞུགས་ངེས་པར་གནང་དགོས་ཤིན་ཏུ་གལ་ཆེ་ཡིན་ ཞིང། དེ་ཡང་གཞན་གྱི་བརྒྱུད་སྐུལ་དང། ཟེར་རྗེས་ཙམ་གྱི་རྗེས་སུ་མི་འབྲང་པར་སོ་སོའི་རྣམ་དཔྱོད་ཀྱི་ཐོག་ནས་རང་དབང་གིས་སྲིད་སྐྱོང་དང། སྤྱི་འཐུས་ཚད་ལྡན་འོས་འདེམས་ཐུབ་པའི་བོད་ཀྱི་ཡུལ་མིའི་ལས་འགན་ངེས་པར་འཁུར་དགོས་”ཞེས་འཁོད་འདུག

“དེ་རིང་བཙན་བྱོལ་བོད་མི་རྣམས་ཀྱིས་རང་དབང་མང་གཙོའི་དུས་དྲན་ཉིན་མོ་སྲུང་ བརྩི་ཞུ་བའི་དུས་ཚོད་གལ་ཆེ་ཞིག་ཆགས་ཡོད་ནའང། གཞིས་ལུས་རྒྱ་ཆེའི་སྤུན་ཟླ་མི་མང་རྣམས་རྒྱ་གཞུང་གི་བཙན་དབང་འོག་མང་གཙོ་དང། རང་དབང། དྲང་བདེན་བཅས་མེད་ཁར། ཉེས་མེད་བོད་མི་མང་པོ་བཙོན་འཇུག་སོགས་མནར་གཅོད་ཀྱི་སྡུག་བསྔལ་མྱོང་བཞིན་ ཡོད་པ་དང། རྒྱ་ནག་རྒྱ་ཆེའི་མང་ཚོགས་རྣམས་ཀྱང་རྒྱ་ནག་དམར་པོའི་སྲིད་གཞུང་གི་འགོ་འཁྲིད་ ཚོའི་གཅིག་སྡུད་ཀྱི་དབང་བྱུས་འོག་འཛམ་གླིང་ཡུལ་གྲུ་གཞན་ལྟར་གང་ཅིའི་རང་དབང་ མེད་པའི་གནས་སྟངས་ཀུན་གྱིས་མཁྱེན་གསལ་ལྟར། དེང་སང་དཀྱིལ་ཤར་ཡུལ་གྲུ་སོགས་ཀྱི་ནང་དུ་རང་དབང་མང་གཙོའི་ལམ་ལུགས་ལ་དོ་སྣང་ དང་འགྱུར་བ་ཤུགས་ཆེ་འགྲོ་བཞིན་པ་ལྟར། རྒྱ་ནག་གཞུང་གི་ཆབ་སྲིད་ལམ་ལུགས་ཀྱང་རིམ་པས་རང་དབང་མང་གཙོ་ཅན་དུ་བསྒྱུར་སླད་རྒྱལ་སྤྱིའི་ཁྱོན་ནས་གནོན་ཤུགས་ནན་ཏན་སྤྲོད་དགོས་པ་དུས་ཚོད་ཀྱི་དགོས་མཁོ་ཤིན་ཏུ་གལ་ཆེ་ཞིག་ཏུ་མཐོང་”ཞེས་འཁོད་ཡོད་པ་རེད།

སྤྱི་འཐུས་ཀྱི་གཏམ་བཤད་ནང་རྒྱ་ནག་འོག་གི་བོད་ནང་གི་གནས་སྟངས་སྐོར་འཁོད་དོན། “བོད་ནང་དམིགས་བསལ་གྱི་སྲིད་བྱུས་ལག་བསྟར་བྱས་ནས་གཞིས་ལུས་བོད་མི་རྣམས་ལ་ སྨྲ་བརྗོད་ཀྱི་རང་དབང་དང་། འགྲོ་འོང་གི་རང་དབང་། ཆོས་དད་ཀྱི་རང་དབང་། རང་ལུས་ལ་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ཡེ་ནས་བྲལ་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་ཞིག བོད་ནང་གདུག་རྩུབ་ཇེ་ཆེ་ཇེ་སྡུག་ཏུ་གཏོང་ཆེད་ལོ་ལྔ་ཚན་གྱི་དྲག་གནོན་གྱི་ཁྲིམས་ངན་སྲིད་བྱུས་ཀྱི་འོག་བོད་མི་གྲངས་ལས་འདས་པ་བཙོན་འཇུག་དང་གཅར་རྡུང་ སུན་གཙེར་བཅས་བྱས་ཏེ་དུས་མིན་རྐྱེན་འདས་དང་། གར་ཡོད་ཆ་མེད་དུ་བཏང་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་ཞིག གུང་ཁྲན་སྲིད་དབང་སྒེར་སྤྱོད་རིང་ལུགས་པས་བོད་ནང་རང་ཐག་རང་གཅོད་ཀྱི་འགྲོ་ ལམ་མེད་པ་བཟོས་ཏེ་གཞིས་ལུས་བོད་མི་རྣམས་ཆེས་མུན་ནག་གི་ཁྲོད་དུ་གནས་ཏེ་མི་ ལོ་ ༥༠ འཁོར་བའི་ཡ་ང་བའི་དུས་དྲན་ཞིག་ཏུ་ངོས་འཛིན་གྱིས་ང་ཚོས་ཀྱང་དྲན་གསོ་བྱེད་ དགོས་པ་ཞིག་ཡིན་”ཞེས་སོགས་འཁོད་ཡོད་པ་རེད།

སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཤཱི་རི་ཤཱན་ད་ ཀུ་མར་གྱིས་གསུང་བཤད་གནང་སྐབས། ལོ་ངོ་བཅུ་ཕྲག་མང་པོའི་སྔོན་ནས་བོད་དང་༧གོང་ས་མཆོག་གི་གནད་དོན་ཐད་སེམས་ཐག་ཉེ་བོ་ཡོད་མཁན་ཞིག་ཡིན་སྐོར་དང་། བོད་མི་རྣམས་སྐྱབས་བཅོལ་དུ་ཡོང་དགོས་ཁེལ་ཡང་། སོ་སོའི་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་རྒྱུད་འཛིན་གྱིས། འཛམ་གླིང་མཁྱོན་ཡོངས་ལ་སོ་སོའི་དྲང་བདེན་གྱི་འཐབ་རྩོད་ངོ་སྤྲོད་དང་། རྒྱབ་སྐྱོར་འཚོལ་བཞིན་པར་བསྔགས་བརྗོད་གནང་སོང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཧྲིལ་པོ་སྐུ་ངལ་འཛེམས་མེད་བསྐྱོན་ནས་བོད་ཀྱི་གནད་དོན་དེ་བཞིན་འཚེ་བ་མེད་པ་དང་མང་གཙོ་དང་མཐུན་པ་ཞིག་ཡིན་པ་འཛམ་གླིང་མཁྱོན་ཡོངས་ལ་ངོ་སྤྲོད་ཐུབ་ཡོད་སྐོར་དང་། བོད་ཀྱི་གནད་དོན་དེ་བཞིན་དབང་ཆ་འཐབ་རྩོད་མིན་པར་དྲང་བདེན་གྱི་འཐབ་རྩོད་ཞིག་ཡིན་སྟབས། རྗར་མ་ནིའི་བར་གྱི་རྩིག་པ་གཏོར་བ་བཞིན་ཉིན་ཞིག་བོད་ཀྱི་བདེན་པའི་འཐབ་རྩོད་དེར་ཡང་རྒྱལ་ཁ་ཡོང་ངེས་རེད་སོགས་སོགས་སོང་།

རྒྱ་གར་བློན་ཆེན་མཱེ་ནི་ཀ གྷན་དྷིས་གསུང་བཤད་གནང་སྐབས། རྒྱལ་ཁབ་མང་པོ་བཙན་གནོན་འོག་སོ་སོའི་རིག་གཞུང་རྩ་བརླགས་སུ་འགྲོ་ཡི་ཡོད་པ་རེད། ཡིན་ཡང་བོད་མི་ཚོས་སོ་སོ་བཙན་གནོན་འོག་ཡོད་སྐབས། སོ་སོའི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱས་ཡོད་པ་མ་ཟད། ན་གཞོན་ཚོས་ཀྱང་སོ་སོའི་མི་རིགས་ཀྱི་ལ་རྒྱ་རྒྱུན་འཛིན་བྱེད་བཞིན་ཡོད་པར་བསྔགས་བརྗོད་ཡོད། ཁྱེད་རྣམས་ཀྱིས་རྒྱ་གར་ནང་ཡུན་རིང་སྡོད་དགོས་ཀྱང་དཀའ་ངལ་མེད་པར་གནས་ཐུབ་རྒྱུར་ང་ཚོས་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་གསུངས་སོང་།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༥༨ ཀློག་གྲངས།