གསེར་གཞོང་ནང་དུ་ཁྱི་གཅིན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༥༥༨ ཕྱི་ལོ་ ༢༠༡༥/༩/༢
དད་པ་དང་དམ་ཚིག་ནི་ཆོས་ཕྱོགས་ཁོ་ན་དང་འབྲེལ་བའི་སྐད་ཆ་ཞིག་ཡིན་ལ། འདྲ་མཉམ་དང་མང་གཙོ་ཤོད་སའི་ཁོར་ཡུག་ཏུ་དད་པ་ནི་བེད་སྤྱོད་གཏན་ནས་མེད་པ་ཞིག་རེད་ཅེས་བརྗོད་ཆོག དེང་སྐབས་སྲིད་སྐྱོང་འོས་བསྡུའི་འགྲན་རྩོད་ཁྲོད་ཁག་ཅིག་གིས་འོས་མི་ག་གེ་མོ་དང་མཉམ་དུ་བགྲོ་གླེང་མི་བྱེད་པ་དང་། དེ་ཡང་རྒྱུ་མཚན་ནི་“གོང་ས་མཆོག་ལ་ཁ་གཏོང་མཁན་ཞིག་དང་མཉམ་དུ་རྐུབ་སྟེགས་གཅིག་ཏུ་བསྡད་ནས་བགྲོ་གླེང་ཞིག་ནམ་ཡང་མི་བྱེད་”ཟེར། ཆོས་ཕྱོགས་དང་གཙོ་བོ་རྒྱུད་སྡེ་རེ་ཟུང་གི་ནང་དུ་དམ་ཚིག་ཉམས་ཆག་བྱུང་བ་རྣམས་དང་ལུང་པ་གཅིག་གི་ཆུ་ཡང་མི་འཐུང་ཞེས་པ་ཞིག་ཡོད་ཀྱང། ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་དུ་དེ་ལྟ་བུའི་ལད་མོ་བྱས་པ་ནི། སུ་ཞིག་ལ་གནོན་ཤུགས་སྤྲོད་ཐབས་ཡིན་ནམ། གང་ཞིག་ལ་ཞོར་གྱིས་སྐུར་འདེབས་ཞུ་འདོད་པ་ཡིན། འདི་ནི་གསལ་པོ་ཤེས་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། ལྷག་པར་དུ་མང་གཙོའི་སྤྱི་ཚོགས་ནང་དེ་ལྟ་བུའི་གཏམ་བརྗོད་རིགས་འོས་འཚམ་མེད་པ་ནི་ན་ཆུང་བྱིས་པ་ཞིག་ཡིན་ཡང་ཤེས་དགོས་ཚོད་རེད།

གཙོ་བོ་༧གོང་ས་མཆོག་ལ་ཁ་གཏོང་མཁན་རྒྱ་དམར་གཞུང་ལས་ལྷག་པ་ཞིག་གོ་ལའི་ཁྱོན་འདིར་སུ་གཅིག་མེད་པ་དང། གདུག་འདྲེ་དོལ་རྒྱལ་ཚོགས་པས་སྐུར་འདེབས་མཚན་སྨོད་ཞུ་བཞིན་པ་འདི་ཡང་དོན་གྱིས་རྒྱ་དམར་གཞུང་གིས་བྱས་པ་ཞིག་ཏུ་གཅིག་གྱུར་གྱིས་ངོས་འཛིན་བྱེད་བཞིན་པ་མིན་ནམ། མི་རིགས་ས་གནས་རང་སྐྱོང་དགོས་པའི་ཡིག་ཆ་སྤྲད་ཟིན་པའི་ནང་རྒྱུན་འཁྱོངས་གསུམ་ཁས་ལེན་བྱས་ཟིན་པས། ༧གོང་ས་མཆོག་ལ་ཁ་གཏོང་མཁན་གཙོ་བོ་རྒྱ་དམར་གཞུང་གི་དཔོན་རིགས་ཚོའི་མཉམ་དུ་སྡོད་རྒྱུ་ཙམ་དུ་མ་ཟད། དེའི་འོག་ཏུ་སྡོད་རྒྱུའི་ཐག་གཅོད་ཀྱང་བྱས་ཟིན་པ་རེད། སྲིད་སྐྱོང་གི་འོས་མིར་བཞེངས་པའི་སྤེན་པ་ཚེ་རིང་གི་ངོས་ནས་དབུ་མའི་ལམ་གྱི་སྙིང་དོན་མི་རིགས་ས་གནས་རང་སྐྱོང་གི་ལམ་ལུགས་ཁས་ལེན་མེད་པ་རེད་དམ། ཡང་ན་རྒྱ་གཞུང་གིས་༧གོང་ས་མཆོག་ལ་ཁ་བཏང་ཡང་ཁོང་ཚོ་ལ་ནུས་པ་དང་སྟོབས་འབྱོར་ཡོད་པས་མཉམ་དུ་སྡོད་རྒྱུ་ཡིན། བོད་པ་ཉམ་ཆུང་ཞིག་གིས་རང་ཉིད་ཀྱི་བསམ་ཚུལ་ཙམ་ཐད་ཀར་བཤད་ནའང་དེ་དང་མཉམ་དུ་སྡོད་རྒྱུ་མིན་ཟེར་བ་རེད།

མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མངོན་འདོད་མི་མཐུན་པའི་དབང་གིས་༧གོང་ས་མཆོག་གི་བཀའ་དགོངས་ཆ་ཚང་དང་ལེན་བྱེད་མི་ཐུབ་མཁན་ཡོད་པ་མ་ཟད། དེ་ལ་རང་ཉིད་ཀྱི་ལྟ་ཚུལ་བརྗོད་མཁན་ཡང་ཡོད་པ་ནི་མང་གཙོའི་ཁྱད་ཆོས་ཤིག་ཏུ་ངོས་འཛིན་བྱེད་དགོས་པ་ལས། མི་དེ་ལ་དད་པ་མེད་རབས་སོགས་བརྗོད་ནས་རྒྱང་འཕུད་གཏོང་ཐབས་བྱེད་པ་ནི་༧གོང་ས་མཆོག་གིས་གསོལ་སྩལ་གནང་བའི་མང་གཙོའི་གསེར་གཞོང་གི་ནང་དུ། སྤེན་པ་ཚེ་རིང་སོགས་ཀྱིས་ཁྱི་གཅིན་གཏོང་འདོད་ཁོ་ན་ལས་རྒྱུ་མཚན་གཞན་གང་ཡང་མེད། སྲིད་སྐྱོང་གི་འོས་གཞིར་བཞེངས་མཁན་ཚོའི་ངོས་ནས་བཤད་ན་ད་ལྟའི་སྲིད་སྐྱོང་ལས་ཐོག་ནས། ལུག་རྫིའི་ཉམས་མྱོང་ལས་མེད་པའི་སྲིད་སྐྱོང་འོས་མི་བཅས་ཀྱི་ངོས་ནས་ཆོས་ལ་དད་པ་ཡོད་ཀྱང་རུང། མེད་ཀྱང་ཆོག དེ་གང་ཟག་སྒེར་གྱི་གནད་དོན་ཞིག་ཡིན་པ་ལས་སུ་གཅིག་གིས་ཐེ་གཏོགས་བྱེད་ཆོག་པའི་ཡུལ་དུ་གྱུར་མེད། གལ་སྲིད་དེ་ལྟར་བྱེད་མཁན་བྱུང་ཚེ་ཆོས་དད་རང་དབང་གི་ཐོབ་ཐང་ལ་རྨ་འབྱིན་པ་ཞིག་ཏུ་གྱུར་ཡོད།

ཁུངས་ལུང་དང་ཁྲིམས་ཐོག་ནས་ར་སྤྲོད་མེད་པར་འོས་མི་ཞིག་ལ་སྐྱོན་འཛུགས་བྱས་པ་ནི། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ཉི་ཤུ་རྩ་བཞི་པའི་ནང་གསེས་༣ པ། “ཡང་འོས་གཞིའི་སྐྱེ་བོ་གཞན་ཞིག་གམ། དེའི་ཕྱོགས་གཏོགས། གཞན་ཡང་སྐྱེ་བོ་སུ་རུང་ནས་སྐྱེ་བོ་གཞན་ཞིག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་པའི་བསམ་སྦྱོར་ངན་པས་ཀུན་ནས་བསླངས་ཏེ་གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་དང༌། ལུང་ཚན། ཆོས་བརྒྱུད། སྤྱི་ཚོགས་བཅས་ཀྱི་དབར་དབྱེན་སྦྱོར་གྱིས་ཕན་ཚུན་འཁོན་འཁྲུག་འབྱུང་གཞིའི་རྐྱེན་སློང་བྱེད་པ།” ཞེས་པའི་དོན་ཚན་དང་འགལ་ཡོད་པ་དང། དེ་ལྟར་བྱེད་མཁན་ལ་སྒྲིག་གཞི་དེའི་དོན་ཚན་ཉེར་ལྔ་པའི་ནང་གསེས་དང་པོ། “འོས་གཞིའི་སྐྱེ་བོའམ་དེར་ཕྱོགས་གཏོགས་བྱེད་མི་ནས་དོན་ཚན་གང་རུང་དང་འགལ་རིགས་བྱུང་ཚེ། འགལ་ཚབས་ཆེ་ཆུང་ལ་གཞིགས་ཏེ། དོ་བདག་གི་འོས་ཐོབ་ཆ་ཚང་རྩིས་མེད་དང༌། ལོ་གསུམ་ནས་བཅུ་བར་འོས་གཞིར་ཞུགས་རྒྱུའི་ཐོབ་ཐང་འཕྲོག་ཆོག”ཅེས་པར་འོས་བསྡུ་ལས་ཁང་ནས་ཀྱང་དོ་སྣང་ངེས་པར་གནང་དགོས།

༧གོང་ས་མཆོག་གི་མཚན་བེད་སྤྱད་ནས་རང་ཉིད་ལ་མི་མང་གི་རྒྱབ་སྐྱོར་ཐོབ་ཐབས་དང། ཁ་གཏད་ནག་པོ་བཟོ་ཐབས་བྱེད་རྐྱང་བྱས་ན། སྤྱི་ཚོགས་གཞན་ཞིག་ནས་ཚུར་བལྟས་ཚེ་བཙན་བྱོལ་བོད་པའི་མང་གཙོ་ལའང་ཐེ་ཚོམ་སྐྱེ་ངེས་པ་དང། ༧གོང་ས་མཆོག་ལ་དོན་གྱིས་མཚན་སྨད་དུ་གྱུར་ཡོད། ཉེ་ཆར་རྒྱ་ནག་མང་གཙོའི་དྲ་བ་ཞེས་པའི་ནང། <<ཐག་ཉེ་ས་ནས་༢༠༡༦ ལོའི་བཙན་བྱོལ་བོད་པའི་མང་གཙོའི་འོས་བསྡུ་ཆེན་མོ་ལ་བལྟ་བ།>> ཞེས་པའི་རྒྱ་ཡིག་གི་རྩོམ་ཡིག་ནང། “རྒྱལ་ཁབ་སླར་གསོ་བྱ་རྒྱུའི་བསམ་ཚུལ་ཡོད་པའི་འོས་མི་ཞིག་ཐོན་པ་ནི་ཡར་རྒྱས་ཀྱི་རྣམ་པ་ཞིག་དང། དེ་དང་མཉམ་དུ་བོད་མི་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་འདས་པའི་སྲིད་བྱུས་དང། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཕྱིར་རྟོག་བྱས་པ་ཞིག་ཀྱང་མཚོན་ཐུབ།” ཅེས་དང། “ཀླུ་མཁར་བྱམས་སྲིད་སྐྱོང་འོས་མིར་ལངས་པ་དེ། བཙན་བྱོལ་བོད་མིའི་མང་གཙོ་ཡར་རྒྱས་སྐུལ་འདེད་ཀྱི་ནུས་པ་ཐོན་པ་རེད་”ཅེས་བརྗོད་འདུག་པ་བཞིན་བོད་པའི་ངོས་ནས་ཀྱང་མང་གཙོ་དང་མཐུན་པའི་བསམ་བློ་ངེས་པར་དུ་གཏོང་དགོས་སྙམ།།

Share this:
༡༣༧ ཀློག་གྲངས།