མི་གྲངས་༡༣༤ ཡིས་སྲི་ཞུ་བའི་ཚུད་རྒྱུགས་འཕྲོད་མི་འདུག

ཟླ་འདིའི་ཚེས་༣ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ཡིག་རྒྱུགས་གྲུབ་འབྲས་ཕྱིར་ཐོན་ཡོད་པ་དང། ཡིག་རྒྱུག་གཏོང་མཁན་མི་གྲངས་༡༧༣ ནང་མི་གྲངས་༡༣༤ ཡིས་ཡིག་རྒྱུགས་འཕྲོད་མེད་པ་རེད།
དེ་སྔོན་ཕྱི་ཟླ་༧ པའི་ཚེས་༢༣ ནས་༣༡ བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ཚུད་རྒྱུགས་ཡིག་ཚད་བཏང་ཡོད་པ་དང། ཐོག་མར་སྙན་ཞུ་ཕུལ་མཁན་མི་གྲངས་༢༣༦ བྱུང་བ་དང་། ཡིག་རྒྱུག་དངོས་སུ་གཏོང་མཁན་མི་གྲངས་༡༧༣ སླེབས་པའི་ཁྲོད། མི་གྲངས་༣༣ གྱིས་ཡིག་རྒྱུགས་འཕྲོད་ཡོད་པ་དང་མི་གྲངས་༦ རྒྱུགས་འཕྲོད་ཀྱང་འདེམས་སྒྲུག་བྱུང་མ་ཐུབ་པས་སྒུག་ཐོའི་ཁོངས་སུ་བཞག་ཡོད་འདུག

མི་གྲངས་༡༣༤ ཡིས་ཡིག་རྒྱུགས་འཕྲོད་མེད་པ་དང་། དེ་ཡང་ཡིག་རྒྱུགས་འཕྲོད་པའི་ཚད་གཞིའི་བརྒྱ་ཆ་ནི་བོད་ཡིག་དང་དབྱིན་ཡིག་གཉིས་ལ་བརྒྱ་ཆ་༡༠༠ ནས་༥༠ རེ་ལོན་དགོས་པ་དང། རྩིས་ལ་བརྒྱ་ཆ་༥༠ནས་༡༦.༥ ལོན་དགོས་ཀྱི་ཡོད་འདུག
ཐེངས་འདིའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལ་བལྟས་ཚེ། ཡིག་རྒྱུགས་མ་འཕྲོད་པ་ཕལ་མོ་ཆེ་དབྱིན་ཇིའི་ཡིག་རྒྱུགས་ལ་དགོས་མཁོའི་ཚད་གཞི་མ་ལོན་པ་དང། ཁ་ཤས་ནི་ཚག་༥ དང་བརྒྱ་ཆ་༡དང་༢ ཀྱི་མ་ལོན་པ་ཡང་མང་པོ་འདུག

ཐེངས་འདིར་སྲིད་ཞུ་བའི་ས་མིག་སྟོང་པ་༤༨ ལས་༣༣ ལ་ལས་བྱེད་འདེམས་སྒྲུག་བྱེད་ཐུབ་པ་བྱུང་ཡོད་པ་དང། ས་མིག་༡༥ སྟོང་པ་ལྷག་ཡོད་པས། ས་མིག་སྟོང་པ་དག་གི་ཆེད་དུ་ཡིག་རྒྱུགས་ག་དུས་གཏོང་མིན་གྱི་ཐག་གཅོད་ནི་བཀའ་ཤག་ལྷན་རྒྱས་ཀྱིས་བྱེད་ཀྱི་ཡོད་པ་རེད་འདུག།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༩༢ ཀློག་གྲངས།