ཆོས་བརྡ་གསལ་བསྒྲགས།

༄༅།།ལྷར་བཅས་སྲིད་ཞིའི་གཙུག་རྒྱན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་ནམ་ཡང་གཡོ་བ་མེད་པའི་རིས་སུ་མ་མཆིས་པའི་རྒྱ་ཆེའི་ཆོས་ཞུ་བ་སེར་སྐྱ་ཡོངས་ཀྱི་སྙན་ལམ་དུ།

འདི་ག་ལྷོ་གཞིས་སྦེལ་ཀོབ་གདན་ས་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་པའི་རབ་གནས་དབུ་འབྱེད་མཛད་སྒོར༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་སྐྱོང་གནང་ཡོང་བ་ཞེས་འདི་ག་གདན་སའི་མཁན་བླ་འདུས་མང་སྤྱི་མགྲིན་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར།བཀའ་བཞེས་བཟང་པོ་སྤྱི་བོའི་མཛེས་རྒྱན་དམ་པར་ཐོབ་པ་མ་ཟད། གསུང་ཆོས་ཚད་མ་རྣམ་འགྲེལ་གནང་རྒྱུའི་ཞལ་བཞེས་ཐོབ་པར་བརྟེན།བོད་ཟླ།༡༡ཚེས།༡༠དང་། ཕྱི་ལོ་༢༠༡༥ཟླ་༡༢ཚེས་༢༠ཉིན་རབ་གནས་དབུ་འབྱེད་མཛད་སྒོ་དང་། བོད་ཟླ་༡༡ཚེས་༡༡ནས་༡༣བར་དང་།ཕྱི་ལོ་༢༠༡༥ཟླ་༡༢ཚེས་༢༡ནས།༢༣བར་གསུང་ཆོས་ཚད་མ་ཀུན་བཏུས།ཚད་མ་རྣམ་འགྲེལ།ཚད་མ་རྣམ་ངེས།ཚད་མ་རིགས་ཐིགས་བཅས་ཚད་མའི་བསྟན་བཅོས་བཞི་པོ་མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཛད་པའི་དེ་རྣམས་ཀྱི་མཆན་འགྲེལ་དང་སྦྲགས་ནས་བཤད་ལུང་བཀའ་དྲིན་བསྩལ་རྒྱུ་དང་།བོད་ཟླ་༡༡ཚེས་༡༤ནས་༡༨བར་དང་། ཕྱི་ཟླ་༡༢ཚེས་༢༤ནས།༢༨བར་སྔ་ལོའི་གསུང་ཆོས་བྱང་ཆུབ་ལམ་རིམ་བཀའ་ཆོས་གནང་འཕྲོས་གནང་གཏན་འཁེལ་བ་ལགས་ན་དེ་དོན་དགོངས་འཇགས་ཡོང་བའི་ཆོས་བརྡར།

གདན་ས་བཀྲ་ཤིས་ལྷུན་པོའི་རྣམ་འགྲེལ་གསུང་ཆོས་གོ་སྒྲིག་ལྷན་ཚོགས་ནས།ཕྱི་ལོ།༢༠༡༥ཟླ།༠༩ཚེས།༠༢ལ།

Share this:
༨༠ ཀློག་གྲངས།