གྲི་དང་མེ་མདའ་གཞུང་བཞེས་དང་མི་མང་ལ་དམ་དྲག་བྱས་ཡོད་འདུག

ཟླ་འདིའི་ཚེས་༡༠  ཉིན་བོད་ནས་མིང་བརྗོད་འདོད་མེད་པའི་མི་སྣ་ཞིག་གིས་ས་གནས་ནས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ཟླ་༨ པའི་ཚེས་༡༥ ཡས་མས་ནས་འགོ་བཙུགས་དེ། ད་ལྟའི་བར་བོད་ཁམས་ཕྱོགས་ཆབ་མདོ་ཁུལ་ཆབ་མདོ་རྫོང་། ཀརྨ་ཡུལ་ཚོ་དང་ཡི་པ་ཡུལ་ཚོས་གཉིས་ཀྱི་ནང་གི་བོད་མི་ཚོར་རྒྱ་གཞུང་གིས་གྲི་དང་མེ་མདའ་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱེད་དགོས་ཞེས་བཙན་བཀའ་བཏང་ཡོད་པ་རེད།

གྲི་དང་མེ་མདའ་སོགས་ཡོད་མཁན་ཚོོར་བཅའ་དངོས་དེ་དག་རྒྱ་གཞུང་བཙན་འཕྲོག་བྱེད་ཀྱི་ཡོད་པ་མ་ཟད། རྡུང་རྡེག་ཚད་མེད་གཏོང་བཏང་བ་དང།   གྲི་དང་མེ་མདའ་མེད་མཁན་ཚོར་ཡིན་ན་ཡང་ངེས་པར་གྲི་དང་མེ་མདའ་རྩིས་སྤྲོད་བྱེད་དགོས་ཟེར་ནས་ཉེས་རྡུང་ཚད་མེད་གཏོང་གི་ཡོད་འདུག

ཡུལ་ཚོ་དེ་གཉིས་ནང་སྐུ་འདས་གྲོངས་སུ་གྱུར་ཟིན་པའི་གསེར་རྟ་མཁན་ཆེན་འཇིག་མེད་ཕུན་ཚོགས་དང་། ཁྲོམ་ཐར་མཁན་པོ་ཨ་ཁྱིག་རིན་པོ་ཆེ་གཉིས་ཀྱི་སྐུ་པར་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་དང་གཅིག་མཚུངས་ཀྱི་བོད་མི་ཚོའི་སྐེ་ལ་བཏག་མི་ཆོག་པའི་བཙན་བཀའ་གཏོང་བཞིན་ཡོད་འདུག    གལ་སྲིད་ཁོང་རྣམ་པ་ཚོའི་སྐུ་པར་སྐེ་ལ་བཏག་ཡོད་མཁན་བོད་མི་ཚོར་ཡང་ཉེས་རྡུང་གཏོང་བཞིན་ཡོད་པ་མ་ཟད་འཛིན་བཟུང་བཙོན་འཇུག་ཀྱང་བྱེད་ཀྱི་འདུག

དེ་ཙམ་དུ་མ་ཟད་ཕྱི་ལོགས་སུ་ཡོད་པའི་བོད་མི་ཚོར་འདྲ་པར་དང་བརྙན་ཐུང་རིགས་གཏོང་མི་ཆོག་ཅེས་ས་ཡིག་དང་མཛུབ་ཐེལ་བཀོད་བཅུག་བཞིན་ཡོད་པ་མ་ཟད།   གལ་སྲིད་དེ་འདྲེའི་རིགས་བྱ་སྤྱོད་སྤེལ་གྱི་ཡོད་པ་གོ་ཐོས་བྱུང་ན་འཛིན་བཟུང་བཙོན་འཇུགས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག ས་གནས་དེར་དེ་སྔོན་རྒྱ་ནག་གཞུང་ལ་གཞུང་ངོ་རྒོལ་ཤུགས་ཆེན་བྱེད་མཁན་བྱུང་བ་དང་། དུས་རྒྱུན་གཞུང་གིས་ཧ་ཅང་དམ་དྲག་བྱེད་སའི་ས་ཁུལ་ཞིག་ཡིན་པ་རེད།

སྤྱིར་བཏང་བོད་མི་ཚོར་མེ་མདའ་སྤུས་ལེགས་དེ་འདྲ་མེད་པ་མ་ཟད། བར་ལམ་ཞིག་ནས་རྒྱ་ནག་གིས་མེ་མདའ་ཉར་ཚགས་བྱེད་རྒྱུ་བཀག་འགོག་བྱས་རྗེས། ད་ལྟ་མེ་མདའ་ཉར་མཁན་ཡང་མང་པོ་མེད་པ་རེད།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

Share this:
༡༩༡ ཀློག་གྲངས།