སྐབས་༡༦ པའི་མདོ་སྟོད་སྤྱི་འཐུས་འོས་མི་གསལ་བསྒྲགས།

མིང་། རྒྱ་རི་བུ་ཕྲུག  ཕ་ཡུལ། ཁམས་ཉག་རོང་། ད་ལྟའི་སྡོད་གནས། ལྷོ་ཕྱོགས་སྦེང་ལོར།

gyari2གུས་ནས་སྐབས་ ༡༦ པའི་མདོ་སྟོད་སྤྱི་འཐུས་ཀྱི་འོས་མིར་ལངས་རྒྱུ་ཡིན་པ་དང་ཆབས་ཅིག་རྒྱ་ཆེའི་མང་ཚོགས་ཀྱི་མཁྱེན་རྟོགས་སླད་རང་ཉིད་ཀྱི་ལོ་རྒྱུས་དང་ལྟ་བ་ལས་ཕྱོགས་སྐོར་ངོ་སྤྲོད་སྙིང་བསྡུས་ཞུ་རྒྱུར།

༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀྲིན་ཉག་གཅིག་ལ་བརྟེན་ནས་ཕྲན་རང་རྡོར་གླིང་དང་སིམ་ལ་གཏན་སློབ་ནས་གཞི་རིམ་དང་། ཅན་དྷི་སྒར་ནས་མཐོ་སློབ་ཐོན། དེ་རྗེས་བོད་གཞུང་གི་ཕྱི་དྲིལ་ལས་ཁུངས་ནང་ཕྱི་དྲིལ་གཙོས་པའི་གཞུང་གི་ཕྱག་ལས་གནང་ཕྱོགས་ཉམས་གསོག་བྱེད་རྒྱུའི་གོ་སྐབས་ཞུས་པ་དང་། སྦིར་ཁུལ་དུ་བོད་ནས་གསར་དུ་ཕེབས་པའི་ན་གཞོན་ཚོའི་ཆེད་སློབ་གྲྭ་གསར་འཛུགས་གནང་སྐབས་དང་བླངས་ཀྱི་ངོ་བོར་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བཟངཔོ་བྱུང་བ་མ་ཟད། རྒྱ་གར་ནང་ཁུལ་དང་རྒྱལ་ཁབ་གཞན་མི་ཉུང་བ་ལ་བསྐྱོད་རྒྱུའི་གོ་སྐབས་བྱུང་བར་བརྟེན་ན་སོ་དར་མའི་སྐབས་ནས་བོད་དོན་དང་འབྲེལ་ཕྱི་ནང་གི་གནས་་ཉམས་མྱོང་མི་དམན་ཙམ་ཐོབ། ཆུང་དུས་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་དབང་ཡིད་བཞིན་ནོར་བུས་གཙོས་རིས་མེད་ཆོས་བརྒྱུད་ཁག་གི་བླ་ེན་རྣམ་པའི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་བོད་མིའི་ཆོས་རིག་གོམས་གཤིས་ལ་དགའ་སྤོབས་དང་། དྲིན་ཆེན་ཕ་མའི་བཀྲིན་བཅས་ལ་བརྟེན་ནས་རྒྱལ་ཞེན་གྱི་བསམ་བློ་གཏིང་ཚུགས་ཐུབ་པ་མ་ཟད། ངའི་ཕ་དམ་པ་ནི་དད་དམ་གཡོ་བ་མེད་པའི་སྒོ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་གནང་མཁན་ཞིག་ཡིན་སྟབས། ཁོང་ལ་བརྟེན་ནས་ངེད་བུ་ཕྲུག་ཚོ་ཡང་ཁོང་གི་རྗེས་སུ་འབྲངས་སྟེ་སྤྱི་ཚོགས་ནང་ཞབས་ཕྱི་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཚུགས། གུས་རང་ཡང་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ནང་དུ་ཚར་ལོངས་བྱུང་པ་ཞིག་ཡིན་སྟབས། སྒྲིག་འཛུགས་ནང་འཛུལ་ཞུགས་ཀྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་འདྲ་མིན་ནང་ཞབས་ཕྱི་ཞུས། དེ་རྗེས་སྐབས་བཞིའི་རིང་བསྟུད་མར་སྔ་འགྱུར་རྙིང་མའི་སྤྱི་འཐུས་སུ་འོས་འདེམས་བྱུང་བ་ལྟར་ལས་ཁུར་ཞུ་མུས་ཡིན།

ང་ཚོའི་སྙིང་སྟོབས་ཅན་གྱི་མེས་པོ་གོང་མ་ཚོས་བསྟན་སྲུང་དང་བླང་དམག་དང་མདོ་ཁམས་ཆུ་བཞི་སྒང་དྲུག་བཅས་ལོ་རྒྱུས་ནང་སྙན་པར་གྲགས་པའི་སྒྲིགའཛུགས་ཐོག་མར་བཙུགས་སྐབས་ཀྱི་ཀུན་སློང་དང་དམིགས་ཡུལ། དེ་བཞིན་ཕྱི་ལོ་༡༩༦༠ལོར་དམ་ཚིག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་མནའ་གན་མཐུ་མོ་ཆེ་བཞག་པའི་འབྲུ་དོན་ནམ་ཡང་བརྗེད་ཐབས་མེད་པས་རྡོག་རྩ་གཅི་སྒྲིལ་རྒྱུན་འཛིན་ཐུབ་པ་བྱ་རྒྱུ་དང། བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་གཉན་འཕྲང་ཆེ་བའི་སྐབས་འདིར་གུས་ནས་ཆུ་སྒང་སྒྲིག་འཛུགས་ལ་མངོན་པར་བསྟོད་པའི་ཐོག་ནས་མདོ་སྟོད་མི་མང་གི་ཐུས་མི་ཞིག་གི་ངོ་བོར་སྐབས་༡༦པའི་མདོ་སྟོད་སྱི་འཐུས་ཀྱི་འོས་མིར་ལངས་པ་ཡིན། ཁྱེད་རྣམ་པའི་རྒྱབ་སྐྱོར་ལ་བརྟེན་ནས་གལ་སྲིད་གུས་རང་མདོ་སྟོད་སྤྱི་འཐུས་ལ་འདེམས་ཐོན་བྱུང་ན། བོད་མི་རིགས་ཀྱི་རྩ་དོན་སྙིང་ཁོངས་སུ་བཅང་སྟེ་མི་མང་གི་མངོན་འདོད་དང་ད་བར་བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་བཏང་མཁ་རྣམས་དང། ད་ལྟའང་བཙན་གནོན་འོག་མནར་གཅོད་མྱོང་བཞིན་པའི་གཞིས་བཞུགས་བོད་མིའི་མངོན་འདོད་སྒྲུབ་ཆེད་འཇིགས་ཞུམ་ཆགས་སྡང་དང་། ངོ་དགའ་ཕྱོགས་རིས་མེད་པར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་གྲོས་ཚོགས་ཀྱི་རྭ་བའི་ནང་གླེང་ཐུབ་པའི་གདེངས་སྤོབས་འབད་བརྩོན་སྒོ་གང་ས་ནས་ཞུ་རྒྱུ

དེ་བཞིན་ད་ལྟའི་དུས་སྐབས་སུ་གཞོན་ནུའི་སེམས་ཤུགས་དང་མི་རབས་རྒན་པའི་ཉམས་མྱོང་གཉིས་ཀ་ཟུང་དུ་འབྲེལ་ཐུབ་དགོས་སྟབས། གུས་པར་ཆ་མཚོན་ན་མི་རབས་རྒན་གཞོན་གཉིས་ཀའི་གནས་སྟངས་རྒྱུས་ལོན་ཐུབ་པའི་གནས་བབ་ལྡན་ཡོད་སྙམ་པ་མ་ཟད། དངོས་དོན་དང་མཐུན་པར་ལངས་ཕྱོགས་འཛིན་ཐུབ་པའི་བློ་སྤོབས་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མཚན་མཐོང་དང་མཐུན་པའི་ལས་དོན་གྲུབ་རྒྱུར་ཉམས་མྱོང་མི་དམན་ཙམ་ཡོད་སྙམ་ན། རྣམ་དཔྱོད་ལྡན་པའི་རྒྱ་ཆེའི་མང་ཚོགས་ནས་ངའི་བསམ་བློ་འཁྱེར་ཕྱོགས་དང་ལྟ་བ་ལངས་ཕྱོགས་ལ་མོས་མཐུན་ཡོད་ན་ངེས་པར་རྒྱབ་སྐྱོར་གནང་རོགས་ཞེསའབོད་སྐུལ་ཞུ་རྒྱུ་བཅས།

རྒྱ་རི་བུ་ཕྲུག་ནས་བོད་ཀྱི་མང་གཙོའི་དུས་ཆེན་གྱི་ཉིན་མོར།

ཕྱི་ལོ་༢༠༡༥ཟླ་༩ཚེས་༢ལ། །

Share this:
༢༢༠ ཀློག་གྲངས།