བོད་ཀྱི་རང་དབང་དེ་རྒྱ་གར་གྱི་རང་དབང་དང་ཐད་ཀར་འབྲེལ་བ་ཡོད།

ཟླ་འདིའི་ཚེས་༡༨ ཉིན་རྒྱབ་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག གྷན་རྡི་ཞི་བདེ་ལྟེ་གནས་ཁང་གི་སྐུ་ཚབ་མི་སྣ་ཁག་ཅིག་གིས། བོད་ཀྱི་ཞི་བའི་འཐབ་རྩོད་ཐོག་ལ་གསུང་བཤད་གནང་རྒྱུ་དང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་བསྐོོངས་སོང།

loiu7788ཐོག་མར་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ཀྱིས་ངོ་སྤྲོད་དང་འབྲེལ་ནས་གསུང་དོན། དེ་རིང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་དང་སྟབས་བསྟུན་གྷན་རྡི་ཞི་བདེ་ལྟེ་གནས་ཁང་གི་ཚོགས་གཙོ་ལྕམ་སུ་ཤྲིརི་ར་ཌ་(Sushri Radha Bhatt)དང། ཚོགས་གཞོན་ཟུར་པ་སྐུ་ཞབས་སུ་ཌེར་ཤ།(Sudershan)། དེ་བཞིན་དྲུང་ཆེ་ཀུ་མར་པེ་ར་ཤྲན་ཏེ།( Kumar Prashant) ནུབ་སྦེན་གྷལ་གྷན་རྡི་ཞི་བདེའི་ལྟེ་གནས་ཁང་གི་དྲུང་ཆེ་སྐུ་ཞབས་ཅན་རྡེ་པལ་(chandpal)དང་དྲུང་ཆེ་ཟུར་པ་སྐུ་ཞབས་སུ་རན་རྡེ་ར་ཀུ་མར་(surendra kumar)བཅས་ཀྱིས་རྒྱུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་དེ་རིང་དེ་གར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། ཁོང་རྣམས་དེ་རིང་ཞོགས་པར་གྲོས་ཚོགས་ལ་ཟུར་ཉན་དུ་ཕེབས་ཡོད་པ་མ་ཟད། ཉིན་གུང་ཁ་གསོལ་ཚིགས་སྐབས་སྲིད་སྐྱོང་དབུས་བཀའ་བློན་ལྷན་རྒྱས་མཉམ་དུ་བོད་དོན་གླེང་ཡོད་པ། དེ་བཞིན་གསར་འགོད་ལྷན་ཚོགས་རྗེས་ལ་གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་ཚོགས་པ་ཁག་དང་མཉམ་དུ་བཀའ་མོལ་བྱེད་རྒྱུ། དགོང་དྲོའི་གསོལ་ཚིགས་དང་མཉམ་དུ་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་དབུས་པའི་རྒྱུན་ལས་རྣམ་པ་དང་ལྷན་དུ་བོད་དོན་གླེང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་སོང།

གྷན་རྡི་ཞི་བདེའི་ལྟེ་གནས་ཁང་གི་ཚོགས་གཙོ་ལྕམ་སུ་ཤྲིརི་ལགས་ཀྱིས་ལྟེ་གནས་ཁང་གི་ངོ་སྤྲོད་དང་འབྲེལ་ནས་གསུང་དོན། ལྟེ་གནས་ཁང་དེ་ཉིད་བོད་དོན་ལ་རྒྱུན་རིང་ནས་དོ་སྣང་ཡོད། སྔར་རྗེ་པེ་ར་ཀ་ཤེ་(J. prakash Narayan)གྱིས་བོད་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་བྱེད་མཁན་ཞིག་ཡིན་པ། དེ་བཞིན་ལོ་ལྔ་སྔོན་ལ་བོད་ནང་གི་རང་ལུས་མེར་སྲེག་གི་གནས་ཚུལ་ཐོག་མར་གོ་སྐབས། ང་ཚོས་འཛམ་གླིང་གི་ཚོགས་པ་ཁག་དང་རྒྱལ་ཁབ་ཁག་ལ་བོད་ཀྱི་གནད་དོན་ཐད་ཡི་གེ་བཏང་བ་ཡིན། ང་ཚོ་ལྟེ་གནས་ཁང་གིས་བོད་མི་ལ་སེམས་ཐག་ཉེ་པོ་དང། དེ་བཞིན་ང་རང་སྒེར་ངོས་ནས་བོད་མི་ཚོས་ས་ཐག་རིང་པོ་དེར་རང་ཉིད་ཀྱི་ཆོས་དང་རིག་གཞུང་ཉར་ཚགས་དང་སྲུང་སྐྱོབ་ཤིན་ཏུ་ཡག་པོ་བྱེད་བཞིན་འདུག་པས། དགའ་པོ་བྱུང་བ་དང་ཁྱེད་ཅག་ལ་རྗེས་སུ་ཡི་རངས་ཞུ་ཡི་ཡོད་ཅེས་གསུངས་སོང།

དེ་ནས་དྲུང་ཆེ་སྐུ་ཞབས་ཀུ་མར་གྱིས་གསུང་དོན། ༧གོང་ས་མཆོག་རྒྱ་གར་ལ་མ་ཕེབས་པའི་སྔོན་དང་ཕེབས་པའི་རྗེས་སུ། བོད་དོན་ཐད་ལ་ཤུགས་རྐྱེན་ཆེན་པོ་བཟོ་མཁན་རྗེ་པེ་ར་ཀ་ཤེ་དང་ནེ་རུ། དེ་བཞིན་༧གོང་ས་མཆོག་གསུམ་ཡིན་པ་དང། ཁོང་གསུམ་གྱི་འབྲེལ་བ་ལ་ང་ཚོས་རྩ་ཆེན་པོར་བརྩི་ཡི་ཡོད། རྗེ་པེ་ར་ཀ་ཤ་ཡིས་བོད་དོན་ཐད་རྒྱལ་སྤྱིའི་ཚོགས་འདུ་ཐེངས་དང་པོ་ལྡི་ལིར་བསྐོངས་ཡོད་པ་རེད། བོད་པ་ཚོས་༧གོང་ས་མཆོག་ནི་འཛམ་གླིང་འདིར་འཚེ་མེད་ཞི་བའི་ལམ་ལ་འཇུག་མཁན་དང་ལམ་སྟོན་གནང་མཁན་སྙན་གྲགས་ཆེ་ཤོས་ཡིན་པས། ང་ཚོས་ཁོང་འཛམ་གླིང་གི་ཆོས་དཔོན་ལ་ངོས་འཛིན་བྱེད་ཀྱི་ཡོད། བོད་ཀྱི་རང་དབང་དེ་ང་ཚོ་རྒྱ་གར་གྱི་རང་དབང་དང་ཐད་ཀར་འབྲེལ་བ་ཡོད་པས་ང་ཚོས་གང་ཡོད་བྱེད་རྒྱུ་གལ་ཆེན་རེད། རང་དབང་ནི་རིན་ཐང་བྲལ་བ་ཡིན་པས། དེ་ཡི་ཆེད་དུ་ཚང་མ་བློས་གཏོང་དགོས་པ་དང་ད་བར་བོད་མི་ཚོས་རང་དབང་གི་ཆེད་དུ་བློས་བཏང་དག་ལ་རྗེས་སུ་ཡི་རངས་ཞུ་ཡི་ཡོད། དེ་བཞིན་ངས་རྒྱ་གར་གྱི་གྲོས་ཚོགས་ནང་བོད་དོན་ཐད་གྲོས་མོལ་ཤིག་ཚོགས་དགོས་པ་དང། དེ་གར་༧གོང་ས་མཆོག་དང་རྒྱ་གར་སྲིད་བློན་དབུ་ཞུགས་ཐོག་ཚོགས་དགོས་པའི་རེ་སྐུལ་བྱེད་ཀྱི་ཡོད་ཅེས་སོགས་གསུངས་སོང།

དེའི་རྗེས་སུ་གསར་འགོད་པ་དང་དྲི་བ་དྲིས་ལན་དང་མཉམ་དུ་སྐུ་ཚབ་གཞན་གྱིས་རང་ཉིད་ཀྱི་བསམ་ཚུལ་ཁག་གསུངས་སོང། སྐབས་དེར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་བོད་དོན་འཐབ་རྩོད་ལ་འབྲེལ་བའི་གསུང་བཤད་ཅིག། གྷན་རྡི་ཞི་བདེའི་ལྟེ་གནས་ཁང་གིས་ཧིན་རྡི་སྐད་ཡིག་ནང་དཔར་སྐྲུན་བྱས་པ་ཞིག་གསར་འགོད་པ་ཚོར་འགྲེམས་སྤེལ་བྱས་སོང།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༧༦ ཀློག་གྲངས།