སྙན་ངག་པ་ལྗང་བུ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་དུ་ཞུགས་པ།

ཡང་ཕྱི་ཟླ་༡༠ ཚེས་༢༩ ནས་ཕྱི་ཟླ་༡༡ ཚེས་༢ བར་ཨི་ཟི་རལ་རྒྱལ་ཁབ་ཀྱི་རྒྱལ་ས་རུ་བསྡུས་པའི་༢༠༠༩ ལོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་ཞེས་པར་ཨ་རི་དང་ཧྥ་རན་སི། ལྷོ་ཀོ་རི་ཡ། ཨར་ལན་ཌི་སོགས་རྒྱལ་ཁབ་དྲུག་གི་སྙན་ངག་པ་༨ གདན་འདྲེན་ཞུས་ནས་འཛམ་གླིང་ཞི་བདེ་བརྗོད་གཞི་བྱས་པའི་སྙན་རྩོམ་གྱེར་འདོན་དང་བགྲོ་གླེང་སོགས་བྱས་པ་མ་ཟད། ལྗང་བུ་ཡང་དེའི་ནང་འཛུལ་ཞུགས་བྱས་ཡོད་འདུག གཞན་ཡང་ལྗང་བུས་རྒྱལ་ཁབ་གཞན་གྱི་སྙན་ངག་པ་རྣམས་དང་ལྷན་དུ་ཉམས་མྱོང་སྤེལ་རེས་བྱས་པ་བརྒྱུད་བོད་ཀྱི་སྙན་ངག་དུས་ཆེན་《སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་》ཞེས་པ་གསར་འཛུགས་བྱས་ནས་ད་ལྟ་རྒྱུན་སྐྱོང་བྱེད་བཞིན་ཡོད་པ་རེད་འདུག་ལ། ཕྱི་ལོ་༢༠༡༠ ལོའི་ཟླ་གཉིས་པར་སྦེལ་རྗམ་རྒྱལ་ཁབ་ནཱ་མུར་གྲོང་ཁྱེར་གྱི་རྒྱལ་སྤྱིའི་སྙན་ངག་ཁང་དུ་《ལྗང་བུའི་མཚན་མོ》ཞེས་པའི་སྙན་ངག་དགོང་ཚོགས་ཤིག་འཚོག་རྩིས་ཡོད་ཅིང། དེ་ནི་རྒྱལ་སྤྱིའི་སྙན་ངག་ཁང་དེས་བོད་ཀྱི་སྙན་ངག་ཐོག་སྤེལ་བའི་ལས་གཞི་རྒྱ་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག

ལྗང་བུ་ནི་བོད་ཀྱི་དེང་རབས་སྙན་ངག་པ་སྐད་གྲགས་ཆེ་ཤོས་ཤིག་ཡིན་པ་མ་ཟད། ཁོང་གི་བྲིས་པའི་སྙན་ངག་རྣམས་དབྱིན་ཇི་དང། ཧྥན་རན་སི། ཧྥིན་ལན་ཌི། སོག་པོ། རྒྱ་ནག་སོགས་ཀྱི་སྐད་ཡིག་མང་པོའི་ནང་དུ་བསྒྱུར་ནས་དུས་དེབ་སོགས་སུ་འཁོད་ཡོད་འདུག་ལ། ཁོང་གིས་བྲིས་པའི་དབྱིན་འགྱུར་སྙན་དེབ་《གཟི་མིག་དགུ་པ》ཞེས་པ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཁུ་ལུམ་བྷི་ཡའི་གཙུག་ལག་སློབ་གྲྭ་ནས་པར་སྐྲུན་བྱེད་བཞིན་པ་དང། ཧྥ་རན་སིའི་སྐད་ཡིག་ནང་དུ་བསྒྱུར་བའི་སྙན་དེབ་ཀྱང་མི་རིང་བར་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་འབུལ་རྩིས་ཡོད་སྐོར་མཆོད་མེ་རྩོམ་རིག་དྲ་བ་ནས་གནས་ཚུལ་སྤེལ་འདུག  །

Share this:
༡༨༡ ཀློག་གྲངས།