དགའ་སེར་བླ་སྤྱིའི་མ་རུ་མ་གྱུར་བའི་ཨ་ཚོགས་ཀླུ་མཁར་བྱམས།

ལྷ་སྡེ་གནམ་ལོ་ཡག

སྨྱུག་ཐོགས་པས་དགའ་ལྡན་བླ་སྤྱི་དགའ་བཞིན་སྤྲོ་བཞིན་སྤེལ་བའི་ཕྱི་ལོ༢༠༡༦ ལོའི་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་གཏམ་བཤད་བཀག་འགོག་གི་གསལ་བསྒྲགས་ཀློག་སྐབས། གསལ་བསྒྲགས་ནང་ཀླུ་མཁར་བྱམས་ལགས་སྲིད་སྐྱོང་འོས་མི་ཡིན་པ་བརྗོད་ཐུབ་མེད་པ་ནི་གནང་སྟངས་དམངས་གཙོར་འགལ་བཞིན་པ་ཤེས་ཡོད་པའི་རྟགས་མཚན་ཡིན་པའི་ཁར། འགོག་དོན་ཡང་ཆོས་དད་དང་ཡ་རབས་བཟང་སྤྱོད་ཟེར་བ་ཙམ་ལས་ཁུངས་ལུང་གང་ཡང་བཀོད་མི་འདུག

IMG_0673
བདེན་རྒྱབ་བདེན་ལངས་ཚོགས་ཆུང་གིས་སྤེལ་བ།

དེ་མཚུངས་སུ་ངོ་དེབ་འཕྲིན་ལམ་བརྒྱུད་ནས་གནས་ཚུལ་གཞན་ཞིག་འབྱོར་བ་ནི་སེ་ར་བླ་སྤྱི་ནས་ཀྱང་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ཀྱི་གཏམ་བཤད་བཀག་སོང་ཟེར། ཞིབ་ཕྲའི་གསལ་བསྒྲགས་ད་དུང་མ་མཐོང་ནའང་། དགའ་ལྡན་བླ་སྤྱིའི་གནང་སྟངས་ལས་ཧེ་བག་ཆེར་ཡོད་མི་སྲིད་པར་འདོད།

མ་གཞི་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་ཆོས་པ་རྣམ་དག་ཚོས་སེམས་ཅན་ཐམས་ཅད་ལ་མ་ཡི་འདུ་ཤེས་བཟུང་ཡོད་མོད། དགའ་ལྡན་དང་སེ་ར་བླ་སྤྱི་གཉིས་ནས་ཨ་ཚོགས་ཀླུ་མཁར་བྱམས་མ་གྱུར་སེམས་ཅན་ལས་བསྒྲལ་བཞིན་པ་ལྟ་བུའི་མཐོང་སྣང་ཞིག་བསྐྲུན་བཞིན་པས། འདི་ནི་བོད་རྒྱ་དབྱིན་གསུམ་བརྒྱུད་ལམ་གྱི་དོ་སྣང་ཡོང་ས་གསར་བ་ཞིག་ཆགས་ཡོད།

དེ་ལས་ལྡོག་ནས། བདེན་རྒྱབ་ཚོགས་ཆུང་གིས་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་ལས་ཤོག་སྟེང་དཀྱེལ་ཡངས་ཀྱི་ལན་ཐུང་ཞིག་ཕུལ་འདུག་པ་ནི་ལྷ་རམས་པའི་དཔུང་སྡེ་ཞིག་གི་གནང་སྟངས་དང་ཆ་འདྲ་བས། གཤམ་གྱི་དོན་ཚན་ཁག་ལ་བསྐྱར་དུ་གླེང་སློང་ཞིག་བྱེད་དགོས་པར་སྣང་།

གཅིག ཆོས་ལུགས་ཀྱི་ཆ་ནས་སྲིད་དོན་ལ་ལྟ་བ།

ཕ་ཆོས་གཡུང་དྲུང་བོན་ཡིན་ནའང་འདྲ། བུ་ཆོས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཡིན་ནའང་ཆོག སྲིད་ཀྱི་སྒང་ཤུགས་རྐྱེན་རིམ་པས་ཐེབས་མྱོང་ཡོད། བཙན་པོ་ཁྲི་སྲོང་ལྡེ་བཙན་ཡར་སྔོན། བཙན་པོ་རེ་ལ་སྐུ་གཤེན་རེ་ཡོད་ཅིང་། སྐུ་གཤེན་རེ་ཡིས་མ་འོངས་ལུང་བསྟན་དང་བཙན་པོའི་རུ་དཔུང་ལ་སྐྱབས་འཇུག་ཆོ་ག་སྒྲུབ་ཀྱིན་པས། སྐབས་ལ་ལར་བཙན་པོ་དང་སྐུ་གཤེན་བར་དུའང་དགོངས་ཚུལ་མི་མཐུན་པ་བྱུང་ཡོད་པར་མ་ཟད། སྐུ་གཤེན་ལ་དབང་ཆ་ཤོར་དོགས་ཀྱང་བྱུང་ཡོད་མོད། རྩ་བའི་ཆ་ནས་ཆོས་སྲིད་བར་གཅིག་ཕན་གཅིག་གྲོགས་སུ་འགྱུར་ཐུབ་ཡོད།

སངས་རྒྱས་ཆོས་ལུགས་ལ་མཚོན་ན། ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཕྱག་བསྟར་གྱིས་ཕྱི་ལོ་༢༠༡༡ ལོ་བར་དུ་རྒྱལ་བོའི་གོ་ས་ཆོས་པས་བཟུང་བ་དང་། དེང་གི་བར་སྔར་གྱི་སྐུ་གཤེན་གྱི་གོ་ས་ཆོས་དགེ་དང་ཆོས་སྐྱོང་ལ་གཏད་ཡོད། ཡིན་ནའང་། གཞུང་ལུགས་ཀྱི་ཆ་ནས་སྟོན་པ་ཤཀྱཱ་ཐུབ་པ་མཆོག་གིས་༼དགེ་སློང་དག་གམ་མཁས་རྣམས་ཀྱིས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བླང་བར་བྱ་ཡི་གུས་ཕྱིར་མིན་༽ཞེས་རྒྱས་བཅད་ཡོད་པས། སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་པ་ཞིག་ཡིན་ན་ལམ་ཁ་འདི་ལས་འདའ་ཐབས་མེད་ལ། འདོད་མིན་ལས་ལྡོག་ནས་ངེས་པར་དུ༼བསྲེག་བཅད་བརྡར་གསུམ༽ཉམས་ལེན་གནང་དགོས་ཀྱི་ཡོད་པ་མ་གཏོགས་གླེགས་བམ་ནང་སྦས་ནས་འཇོག་པའི་དུས་རབས་ཡོལ་ཟིན།

gadenདེང་གི་ཆར་བོད་ལ་སྟོན་པ་གསར་བ་ཞིག་བྱུང་ནས་བན་བོན་གང་ལའང་མ་འདྲ་བའི་ཆོས་ལུགས་ཀྱི་ལྟ་གྲུབ་ཅིག་བསྐྲུན་ནས་ནུབ་ཕྱོགས་ཀྱི་དཀོན་ཅོག་ནང་བཞིན་དོགས་སློང་བྱེད་མི་ཆོག་པ་ཅིག་བཟོ་བའི་དབང་དུ་བཏང་ནའང་། དེ་ནི་བསམ་ཚུལ་ཉི་ཚེ་བའམ་འཕྲལ་སེལ་ལ་དམིགས་པའི་བྱེད་སྟངས་ཤིག་ལས་ཕུགས་རྒྱང་རིང་བོའི་དོན་ཆེན་ཞིག་མིན། དེ་བས། དགའ་ལྡན་བླ་སྤྱིས་དགའ་སྤྲོ་དང་བཅས་སྤེལ་བའི་གསལ་བསྒྲགས་ནང་གསལ་བའི་ཆོས་དད་ཟེར་བ་དེ་གང་འདྲ་ཞིག་ལ་བརྗོད་ཀྱི་ཡོད་མེད་གསལ་ཁ་ཆགས་མེད་པའི་ཁར། བརྡ་འཕྲིན་དུས་རབས་ནང་དུ་བྱས་པ་མཐའ་དག་ཕྱི་གསལ་ནང་གསལ་ཡིན་པས། བོད་བརྒྱུད་སངས་རྒྱས་ཆོས་ལུགས་འཛམ་གླིང་སྟེང་དར་སྤེལ་ལ་གེགས་སུ་མི་འགྱུར་བའི་ངེས་པ་མེད་ལ། སེ་ར་དང་དགའ་ལྡན་བླ་སྤྱིར་ནམ་རྒྱུན་འབྲེལ་ལམ་ཟབ་པའི་དམངས་གཙོའི་ཡུལ་ལུང་གི་སྦྱིན་བདག་ཆེན་མོ་དག་ལའང་བློ་ཕམ་མི་བྱུང་བའི་ངེས་པ་དེ་ལས་ཀྱང་མེད།

གཉིས། སྲིད་དོན་གྱི་ཆ་ནས་ཆོས་ལུགས་ལ་ལྟ་བ།

བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདིའི་དབྱེ་མཚམས་གསལ་ཤོས་དེ་བོད་རྒྱལ་ཁབ་རྒྱ་དམར་འོག་ཏུ་ཤོར་བ་དང་། བོད་ཀྱི་དགོན་སྡེ་ཆེ་མ་ཆུང་གསུམ་ལ་གཏོར་སྐྱོན་ཐེབས་པ་དང་། སྒོས་སུ་རི་བོ་དགེ་ལུགས་པའི་གདན་ས་ཆེན་པོ་དགའ་ལྡན་རྨེག་མེད་དུ་བཏང་བའི་ལོ་སྟེ། ཕྱི་ལོ༡༩༥༩ལོ་རེད།

ལོ་འདིའི་ཡར་སྔོན༼བསྲེག་བཅད་བརྡར་གསུམ༽གླེགས་བམ་ནང་སྦས་པའམ་ལྷག་རྗེས། ཆོས་པ་རེ་འགས་མི་ལས་དགུ་ལས་བྱས་པའི་དུས་རིམ་ཞིག་ཏུ་འཁེལ་ཡོད། དཔེར་ན། བཅོས་བསྒྱུར་བ་ཆེན་པོ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་མཆོག་གི་སྤྱན་བྲུས་པ་ནི་རྒྱལ་ཚབ་ར་སྒྲེང་གིས་སྲིད་སྐྱོང་བའི་དུས་སུ་འཁེལ་བས། འདུལ་བའི་གཞུང་གིས་བླ་མ་སྲིད་དོན་པ་ཚོ་གཅུན་ཐུབ་ཀྱི་མེད་པ་མཚོན་ཡོད། དེ་བས། སྐབས་དེར་དོགས་སློང་ངམ། སྐྱོན་བརྗོད་རིགས་ཡོང་ཆོག་གི་མེད་པ་ནི་དམངས་གཙོ་མ་ཡིན་པའི་ལམ་སྲོལ་རྙིང་བ་ཡིན་པས་ཀྱང་རེད།

ཕྱི་ལོ༡༩༦༠ ལོ་ནས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཙན་བྱོལ་སྤྱི་ཚོགས་ནང་དམངས་གཙོ་གསོལ་རས་བསྩལ་བ་རེད་ལ། དེང་གི་བར་ལོ་ངོ་༥༥ འདས་ཟིན་པར་མ་ཟད། ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ཀྱིས་འདེམས་པའི་བཀའ་ཁྲིའམ། སྲིད་སྐྱོང་ལ་ཕུལ་ནས་ལོ་ལྔ་བཞི་ལྷག་འགྲོ་ཟིན་པ་ལྟར་རེད།

རྒྱལ་བ་རིན་པོ་ཆེ་ནས་ཆབ་སྲིད་སྐུ་དབང་མ་ཕུལ་བའི་ཡར་སྔོན་དུ་༼བཙན་བྱོལ་བོད་མིའི་བཅའ་ཁྲིམས༽ནང་དུ་གྲོས་ཚོགས་རྩ་འབོར་གྱི་སུམ་ཆ་གཉིས་ནས་དགག་བྱ་ཡོད་ན། རྒྱལ་བ་རིན་པོ་ཆེ་ཡི་ཆབ་སྲིད་གོ་གནས་ལེན་ཆོག་པ་བཀོད་ཡོད།

དེས་ག་རེ་སྟོན་གྱི་ཡོད་དམ་ཞེ་ན། རྒྱལ་བ་རིན་པོ་ཆེ་མཆོག་གི་སྲིད་དོན་གནང་ཕྱོགས་ཐད་སྐྱོན་བརྗོད་བྱེད་ཆོག་པར་མ་ཟད། ཐ་ན་སྲིད་དོན་གོ་གནས་ཀྱང་ཕབ་ཆོག་པ་གསལ་ཡོད་པས། ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་ཤུགས་ལྡན་གནད་དོན་ཐད་དོགས་སློང་དང་ཐག་གཅོད་ཡོང་སྟངས་ལ་དགོངས་ཚུལ་བཏོན་པ་ནི་མཚན་སྨོད་མ་ཡིན་པར་ཐུགས་ཕན་གསོ་སྲིད་པའི་རྒྱུ་རུ་གྲུབ་ཡོད། ཡང་ཅིག་བཤད་ན། རྒྱལ་བ་རིན་པོ་ཆེ་ནས་སྲིད་འགན་རྩིས་སྤྲོད་ཐུབ་ས་ཞིག་ནས་གཞུང་སྲིད་བར་གནས་དགག་བྱ་ཡོད་མི་སྲིད་པས། སྐབས་འཚོལ་རིང་ལུགས་པ་ཚོས་དད་པ་ལོག་སྤྱོད་གཏོང་བཞིན་པའང་གསལ་བོ་ཆགས་ཡོད།

དེ་བས། དགའ་ལྡན་དང་སེ་ར་བླ་སྤྱིའི་གནང་སྟངས་འདི་བཙན་བྱོལ་དམངས་གཙོའི་དར་འཕེལ་གྱི་གེགས་སུ་གྱུར་ཡོད་པར་མ་ཟད། རྒྱ་དམར་གཞུང་གིས་ནམ་རྒྱུན་བཤད་ཀྱིན་པའི༼ཞིང་བྲན་ལམ་ལུགས་ལ་རོ་ལངས་རྒྱག་འདོད་འདུག༽ཅེས་པའི་སྒྲུབ་བྱེད་ཚད་ལྡན་ཞིག་ཏུ་གྱུར་ཡོད། ད་དུང་བཙན་བྱོལ་སྤྱི་ཚོགས་གཏོར་བྱེད་ཀྱི་དུག་མཚོན་ལྟ་བུར་འགྱུར་ཉེན་ཆེ་བ་ནི་བོད་ཞེན་ཤིན་ཏུ་ཟབ་པའི་སྐྱ་སེར་ཤེས་ལྡན་པའི་དཔུང་ཚོགས་ཀྱི་ལྡོག་ཕྱོགས་སུ་འགྲེངས་ཡོད་པས་ཡིན།

གསུམ། བཙན་བྱོལ་གནང་རྐྱེན་བརྗེད་པ་ནི་ནག་ཉེས་ཡིན།

དགའ་ལྡན་དང་སེར་ར་རྒྱ་གར་ནང་ག་རེ་བྱས་ནས་ཡོང་བ་རེད་དམ། དགའ་བཞིན་སྤྲོ་བཞིན་ཡོང་བ་མ་རེད་ལ། བཙན་བྱོལ་སྤྱི་ཚོགས་གཏོར་དུ་ཡོང་བའང་ག་ལ་ཡིན། རྒྱ་དམར་བཙན་འཛུལ་བས་བོད་གངས་ཅན་བཙན་བཟུང་བྱས་པའི་གོ་རིམ་ཁྲོད་དུ་དྲག་གནོན་རབ་དང་རིམ་པར་བྱས་ཡོད་པས། དགའ་ལྡན་དང་སེ་རའི་ནང་དུའང་སྔར་དེང་གི་ཨ་ཚོགས་ཀླུ་མཁར་བྱམས་ནང་བཞིན་གྱི་བཙན་རྒོལ་རྒྱལ་སྐྱོབ་པའི་དཔུང་སྡེ་ཞིག་གྲུབ་མྱོང་བས་རེད་ལ། བཙན་འཛུལ་བར་མགོ་འདོགས་མི་བྱེད་པའི་ཆོད་སེམས་ཡོད་པས་རེད།

དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་སྐུ་ལས་ཚད་མེད་བསྐྱོན་ནས༼བོད་ནང་ཤེས་རིག་བསྐྱར་དར་དང་ཆོས་ལུགས་ཡང་དར༽གྱི་དབུ་ཚུགས་སྐབས། འབྲས་སྤུངས་དང་སེ་ར་ལས་ཀྱང་དགའ་ལྡན་དགོན་པ་བསྐྱར་གསོ་དང་ཆོས་སྒོ་འབྱེད་རྒྱུར་དཀའ་ངལ་ལྷག་མ་འཕྲད་ཡོད། ལོ་རྒྱུས་ནི་དེ་རིང་གི་རྒྱུན་མ་དེ་ཡིན་པས། བཙན་འཛུལ་བས་ཆོས་བསྣུབས་ནས་ཆོས་སྡེ་རྨེག་མེད་བཏང་བའི་བྱ་སྤྱོད་དེ་བརྗེད་ངེས་བསྐུར་ཚེ་ནག་ཉེས་ཆགས་ཡོད་པར་མ་ཟད། བཙན་བྱོལ་གནང་རྐྱེན་བརྗེད་པ་ནི་ཉེན་ཁ་ཚབས་ཆེན་དུ་གྱུར་ཡོད། རྒྱ་དམར་གཞུང་གིས་བོད་ནང་ཆོས་བསྣུབས་པ་ནི་བན་བོན་དབྱེར་མེད། ཁ་ཆེ་དང་ཡི་ཤུ་དབྱེར་མེད་ཀྱིས་རྨེག་མེད་དུ་བཏང་ཡོད། བདུད་ཟེར་མཁན་ཞིག་བཙལ་དགོས་ན་དེ་ལས་གཞན་འཚོལ་དུ་མེད།

དོན་དག་འདིའི་ཆ་ནས་བཤད་ན། ཨ་ཚོགས་ཀླུ་མཁར་བྱམས་ནི་བོད་ཀྱི་དེང་རབས་ལོ་རྒྱུས་སྟེང་ཤར་ཕྱོགས་ཨ་མདོ་ནས་བཙན་རྒོལ་ལས་འགུལ་གྱི་མེ་རོ་གསོ་མཁན་ཞིག་ཆགས་ཡོད་པས། དགའ་ལྡན་དང་སེ་ར་བླ་སྤྱིས་གཞོགས་འདེགས་མི་ཐུབ་ཀྱང་ཁ་མིག་ཡར་ལྟ་བྱེད་ས་ཞིག་ཏན་ཏན་ཆགས་ཡོད། རྒྱུ་མཚན་ནི༼བསྟན་པ་ལ་གནོད་པ་སྐྱེལ་མཁན་བྱུང་ན་ཕ་དང་མའང་བསད་བྱ་ཡིན༽ཟེར་བ་ལྟར། ཨ་ཚོགས་ཀླུ་མཁར་བྱམས་ལགས་རང་ཉིད་བཙོན་ཁང་ནང་ལྷུང་མིན་ལ་མ་ལྟོས་པར་བོད་གངས་ཅན་བཙན་བཟུང་དང་བསྟན་པ་བསྣུབས་མཁན་རྒྱ་དམར་གཞུང་ལ་ངོ་རྒོལ་བྱས་ཡོད་པས། ད་རེས་དགའ་ལྡན་དང་སེ་ར་བླ་སྤྱིས་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་གཏམ་བཤད་བཀག་པ་ནི་བོད་ཕྱི་ནང་གཉིས་ཀ་ཧང་སངས་དགོས་པའི་ལོ་རྒྱུས་ཀྱི་དོན་རྐྱེན་ཞིག་ཆགས་ཡོད།

མཐའ་བསྡོམས།
དམངས་གཙོར་གོམས་འདྲིས་ཡོད་མཁན་ཞིག་ཡིན་ན། དབུ་མའི་ལམ་ལ་སྐྱོན་བརྗོད་དང་ཤུགས་ལྡན་གནད་དོན་སེལ་ཐབས་བཙལ་བཞིན་པ་ནི་དུས་རབས་ཀྱི་འགྲོས་དང་མཐུན་ཞིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་མེད་པས། སྒྲོ་འདོགས་དང་བསྐུར་འདེབས་ལས་བསྐྱེད་པའི་མཚན་སྨོད་ཆགས་མེད།

མ་གཞི་རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་ངོས་ལེན་མེད་པ་ཡིག་ཐོག་ནས་བསྒྲགས་ཟིན་པས། བོད་མི་ཚོའི་རེ་བ་ལྟར་ཡོང་རྒྱུ་ཡོད་པ་ཞིག་ཆགས་མེད། དེ་ལས་ལྡོག་ནས་རང་བཙན་བསྐྱར་གསོའི་ལས་འགུལ་ནི་རྒྱ་ནག་གཞུང་ལ་སྒོ་ཚུར་བརྡུང་དུ་འཇུག་པའི་ཐབས་ལམ་ཡག་ཤོས་དེ་ཆགས་ཡོད།

ཡང་ཅིག་བཤད་ན། རང་བཙན་བསྐྱར་གསོ་ནི་བོད་ནང་གི་རེ་བསྐུལ་ཡིན་པ་དང་། བཙན་བྱོལ་བའི་ངོས་ནས་ལོ་རྒྱུས་ཀྱི་རྒྱུན་དང་འཐུས་ཚབ་ཀྱི་རྒྱུན། འཐབ་རྩོད་ཀྱི་རྒྱུན་བཅས་འཛིན་དགོས་ཀྱི་ཡོད་པ་གལ་ཆེན་ཆགས་ཡོད། ཡིན་ནའང་། རང་བཙན་བསྐྱར་གསོས་སྣེ་ཁྲིད་རྗེས། དབུ་མའི་ལམ་གླེང་མ་ཆོག་པའམ། སྤེལ་མ་ཆོག་པ་དེ་འདྲ་རྩ་བ་ནས་མ་རེད། བོད་ལ་གཏམ་དཔེ་ཞིག་ཡོད་དེ། ཕོ་རབ་བར་གྱི་བརྒལ་བརྟག་ནི་གཅིག་ཕན་གཅིག་གྲོགས། ཕོ་འབྲིང་བར་གྱི་བརྒལ་བརྟག་ནི་ལེགས་ཆ་ལེན་རེས། ཕོ་ངན་བར་གྱི་བརྒལ་བརྟག་ནི་ཁྱོད་ཤི་ང་གསོན་ཡིན། དེ་བས། དབུ་མའི་ལམ་འབྱུང་ཁུངས་ནི་ཕོ་རབ་ཅིག་ཡིན་པའི་ཆ་ནས་བརྒྱུད་འཛིན་པ་ཡིན་ཟེར་མཁན་ཚོས་ཕོ་ངན་གྱི་བྱེད་སྟངས་འོག་དྲུད་མི་ཡོང་བ་གནང་རྒྱུ་ནི་ཧ་ཅང་གི་གལ་ཆེན་ཆགས་ཡོད།

གང་ལྟར་དགའ་ལྡན་དང་སེ་རར་བསླབ་པ་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་ལྷན་རྒྱས་ནི་བོད་གངས་ཅན་གྱི་དམངས་གཙོའི་དུས་རབས་ཀྱི་ཆོས་རིག་དར་སྤེལ་གཏོང་བའི་སྟོབས་ཤུགས་དང་། རྒྱུ་འབྲས་མིག་བཞིན་སྲུང་བ་དང་ཆུ་སྣ་གར་ཁྲིད་ཀྱི་སྒོ་མོ་གཏན་ཟིན་པའི་དཔུང་སྡེ་ཞིག་ཡིན་པར་ཡིད་ཆེས་ཡོད།

ཐེངས་འདིར་དགེ་འདུན་པ་ཚོས་རང་ཉིད་ལ་གཏོགས་པའི་འོས་ཤོག་བཀོལ་ནས་འདས་པའི་དུས་ཡུན་ནང་སྐུ་སྒེར་ཡིག་ཚང་ནས་མཁན་པོ་ལྷན་རྒྱས་ཞལ་པར་ཕུལ་ནས་འོས་ཤོག་གི་གྲངས་འབོར་གསུངས་རྗེས། མཁན་པོ་ལྷན་རྒྱས་ནས་ཁང་ཚན་ཁག་གི་བླ་མའམ་དགེ་བཤེས་རིམ་པ་བསྐོང་འགུགས་ཀྱིས་ཁང་ཚན་རེ་ནས་འོས་ཤོག་འདི་འདྲ་ཞིག་ལོང་དགོས་ཟེར་བའི་ཆོས་འཇིག་རྟེན་གཉིས་ཀར་འགལ་བའི་འགྲོ་སྟངས་དེ་མེད་པར་དུ་གཏོང་བར་བོད་ཕྱི་ནང་གི་ཤི་གསོན་གཉིས་ཀས་རེ་བ་བརྒྱབ་ཡོད་པར་མ་ཟད། རྒྱ་དམར་གཞུང་ལ་སྒོ་ཚུར་བརྡུང་དུ་འཇུག་པའི་གཞོགས་འདེགས་སུའང་གྱུར་ཡོད་སྟབས། རང་གཞན་གཉིས་ཕན་གྱི་གདམ་ག་འདི་ནི་དམངས་གཙོའི་གོ་རྟོགས་སད་ཅིང་རྒྱུ་འབྲས་བློ་མིག་མངའ་བའི་མཚོན་རྟགས་སུ་གྱུར་ཡོད་པའང་བཤད་མ་དགོས་པར་སྙམ།

ཕྱི་ལོ༢༠༡༥ལོའི་ཟླ༩ཚེས༢༤ ཉིན་ཤར་མར་བྲིས་པ་དགེའོ།

Share this:
༥༡ ཀློག་གྲངས།