སྐུ་ཕྱྭའི་ཆེད་དུ་དགའ་ལྡན་ཕོ་བྲང་དང་གང་ཟག་སྒེར་སོ་སོས་དགོངས་པ་བཞེས་དགོས་ཀྱི་འདུག

ཟླ་འདིའི་ཚེས་༢༦ ཉིན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་མཇུག་བསྒྲིལ་བ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་གིས་མཇུག་བསྡོམས་གསུང་བཤད་གནང་ཡོད་པ་རེད།

1245iཐེངས་འདིའི་གྲོས་ཚོགས་ནང་གཙོ་བོ་ལྷན་ཁང་ཁག་གི་ལས་བསྡོམས་ཐོག་ཞིབ་བཤེར་དང་། བགྲོ་གླེང་བྱས་ནས། གྲོས་ཚོགས་དུས་ཚོད་མང་ཆེ་བ་ལས་བསྡོམས་ཐོག་སོང་བ་དང་། གྲོས་ཚོགས་འཐུས་མི་ཁག་གི་དྲི་བ་དང་། འཛིན་སྐྱོང་གི་ངོས་ནས་ལན་འདེབས་ཀྱིས་མི་མང་ནང་གསལ་པོ་ཆགས་ཐུབ་རྒྱུ་ཡིན་སྐོར་དང་། ཤེས་ཡོན་ཚོགས་ཆུང་གིས་དུས་ཚོད་མང་པོ་བཏང་ནས། ཞིབ་འཇུག་ཡག་པོ་བྱེད་ཐུབ་ཡོད་པ་དང་། སྙན་ཐོ་བཏོན་ཡོད་པ་དེ་ལོ་བཅུའི་རིང་ཤེས་ཡོན་སྲིད་ཇུས་ག་འདྲ་བྱུང་ཡོད་པ་གསལ་པོ་ཆགས་ཡོད་སྐོར་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསུངས་སོང་།

ཚོགས་གཙོས་མཇུག་བསྡོམས་གསུང་བཤད་སྐབས། གྲོས་ཚོགས་ནང་བོད་ནང་གི་གནས་སྟངས་དང་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་བཞག་པ་དང་འབྲེལ་ནས་གསུང་དོན། “བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བསྟུན་ནས་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་གཞི་གྲོས་ཆོད་ནང་སྤྱི་འཐུས་ཚང་མ་མཉམ་ཞུགས་བྱས་པ་དེས་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང་། རྒྱ་ནག་ལ་ཡང་བརྡ་ལན་ཞིག་འཕྲོད་ཡོད་རེད། བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་སྤྱི་དང་བྱེ་བྲག་གི་གནས་སྟངས་ག་འདྲ་རེེད། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཀྱི་གནས་བབས་ག་འདྲ་རེད། རྒྱ་ནག་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བ་ཞེས་པའི་དུས་དྲན་སྲུང་བརྩི་ཞུ་ཕྱོགས་དེ་ཚོ་ཆ་ཚང་ཐོག་ང་ཚོའི་ལྟ་སྟངས་ག་འདྲ་ཡིན་པ་ངོ་ཕྲོད་པ་ཞིག་བྱུང་ཡོད་པ་རེད་”ཅེས་གསུངས་སོང་།

12543༧གོང་ས་མཆོག་ཨ་རིར་ཕེབས་སྐབས་བོད་རིགས་ཚོགས་པ་ཕེབས་བསུར་བཅར་ས་མ་རག་པའི་སྐོར་དང་། ཤུགས་ལྡན་ཚོགས་པས་༧གོང་ས་མཆོག་ལ་ངོ་རྒོལ་བྱས་པ་དང་འབྲེལ་ནས་དེའི་ཐོག་གསལ་བཤད་གནང་དོན། “༧གོང་ས་མཆོག་ཉེ་ཆར་ཨ་རིའི་ལོ་སི་ཨན་རྗིའི་གཙུག་ལག་སློབ་གྲྭར་ (UCI) ཕེབས་སྐབས་ཀྱི་གནས་ཚུལ་རེད། ཉེ་ཆར་ཚོགས་གཙོ་ཨ་རིའི་ས་གནས་ཁག་ཏུ་ཕེབས་སྐབས་བོད་རིགས་ཚོགས་པ་ཚང་མས་ཐུགས་འཚབ་གནང་གི་འདུག་ལ། ཁོ་རང་ཚོས་གནས་ཚུལ་དེའི་ཐོག་དགའ་ལྡན་ཕོ་བྲང་ལ་ཞུས་འདུག གོ་སྒྲིག་པ་འབྲེལ་བ་ཆགས་ས་དེ་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་བསྟན་འཛིན་དོན་ལྡན་རེད། ཁོང་མང་ཆེ་བ་དེང་སྐབས་ཨ་རིར་བཞུགས་ཀྱི་ཡོད་པ་དང་། ཁོང་ལ་༧གོང་ས་མཆོག་གིས་ཡིད་ཆེས་གནང་ནས། ཁོང་གིས་ཞུས་པ་དེར་བཀའ་ཁྲོལ་རག་ནས་གོ་སྒྲིག་གནང་གི་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེས་ཡིད་ཆེས་གནང་བ་བཞིན་ཁོ་རང་གིས་འགན་ཁུར་ན་དེ་འདྲ་ཡོང་གི་མ་རེད་བསམ་གྱི་འདུག ཁ་སང་བདེ་སྲུང་བཀའ་བློན་གྱིས་གསུངས་པ་བཞིན་སུ་ཡིན་མིན་ཤེས་ཀྱི་ཡོད་པ་དང་། ༧གོང་ས་མཆོག་གིས་ཡིད་ཆེས་གནང་ས་དང་། ༧གོང་ས་མཆོག་ལ་དད་པ་ཡོད་མཁན་ཞིག་རེད། ཡིན་ཡང་ཁོ་རང་སྒེར་གྱི་སྤྱོད་པ་དང་རྣམ་འགྱུར་སྟོན་སྟངས། ལས་ཀ་བྱེད་སྟངས་ཀྱིས་གནས་ཚུལ་དེ་འདྲ་ཆགས་པ་རེད། དོལ་རྒྱལ་བསྟེན་མཁན་ཚོར་ངོ་རྒོལ་བྱེད་རྒྱུའི་(ཨ་རི་གཞུང་གིས་) ཆོག་མཆན་སྤྲད་ཡོད་པ་ཁོ་རང་གིས་ཤེས་ཀྱི་ཡོད་པ་རེད། བཀའ་ཤག་གི་ལན་འདེབས་ཞིག་གི་ནང་༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་དང་འབྲེལ་བའི་ལས་འགན་བོད་རིགས་སྤྱི་མཐུན་ཚོགས་པ་ལ་ཡོད་སྐོར་འགྲེལ་བརྗོད་བརྒྱབ་སོང་། བོད་རིགས་ཚོགས་པར་འགན་ཡོད་ན་གོ་སྒྲིག་བྱེད་མཁན་དང་ཐུན་མོང་གི་ཐོག་ནས་གོ་བསྡུར་བྱས་ནས་ཡོང་དགོས་པ་རེད། བོད་རིགས་ཚོགས་པས་༧རྒྱལ་བ་རིན་པོ་ཆེ་ཕེབས་བསུའི་ཆེད་ཕར་འབྲེལ་བ་བྱས་ནས་ཆོག་མཆན་ཞུས་འདུག་ཀྱང་། འབྲེལ་ཡོད་བསྟན་འཛིན་དོན་ལྡན་རེད། ཁོང་ལ་སྐད་ཆ་མ་དྲིས་ན་ཡོང་གི་མ་རེད་ཅེས་གནས་ཚུལ་དེ་འདྲ་བྱུང་བ་རེད། བོད་རིགས་སྤྱི་མཐུན་ཚོགས་པས་UCI ལ་བཅར་ནས་འབྲེལ་ཡོད་ལ་ཐུག་རྒྱུ་བྱེད་སྐབས། བསྟན་འཛིན་དོན་ལྡན་གྱིས་ཧ་གོ་ནས། ཁྱེད་རང་ཚོས་ངའི་ལས་རིམ་ནང་ཐེ་ཇུས་བྱེད་ཀྱི་འདུག་ཅེས་ཚོགས་གཏམ་བཏང་འདུག དོན་གཅོད་ཀྱིས་འགན་ཁུར་མིན་གྱིས་སྐད་ཆ་བྱུང་བ་རེད་མོད། དོན་གཅོད་ཀྱིས་ཐབས་ཤེས་བྱས་འདུག་ལ། བཀོད་མངགས་དང་ལས་བྱེད་བཏང་འདུག་ཀྱང་། རྩིས་མེད་བཏང་འདུག ཚེས་༥ ནས་༧ བར་གྱི་ལས་རིམ་ངས་གོ་སྒྲིག་བྱེད་པ་ལས། དོན་གཅོད་ལ་ཇུས་ཏོག་ཡོད་མ་རེད་ཅེས་ལབ་འདུག བསྟན་འཛིན་དོན་ལྡན་ཁོ་རང་ལ་སྐད་ཆ་འདྲི་རྒྱུ་བྱུང་མ་སོང་། ༧གོང་ས་མཆོག་གིས་ཡིད་ཆེས་གནང་བ་བཞིན་ཁོ་རང་གིས་སྐུ་ཕྱྭ་ལ་འགན་ཆ་ཚང་ཁུར་ཐུབ་ཀྱི་ཡོད་ན། ཡོད་པའི་ཐོག་ནས་གནང་དགོས་པ་ལས། ང་ཚོ་ཚང་མར་སེམས་ཁྲལ་ཡོད་རེད། དེ་མིན་མི་གཅིག་གཉིས་དབང་ཆ་ཆེན་པོ་ཞེ་དྲག་ཆགས་ན་ཏག་ཏག་མ་རེད་”ཅེས་འགྲེལ་བརྗོད་གནང་བ་དང་། ཕྱི་ཟླ་༡༠ ནང་ཨ་རིར་ཆིབས་བསྒྱུར་ཡོད་པས། དེའི་སྐབས་ག་འདྲ་ཆགས་ཀྱི་རེད། བོད་པ་མེད་ན་འགན་དེ་ཆ་ཚང་ཁོ་རང་གིས་ཁུར་ཐུབ་ཀྱི་རེད་དམ། རྩ་བའི་འགན་ཆེན་པོ་ཁུར་གྱི་ཡོད་ས་རེད་ལ། མིང་ཡང་ཆེན་པོ་འདུག དེ་ཡོད་པ་བཞིན་ལས་ཀ་བྱེད་དགོས་པ་དང་། དགའ་ལྡན་ཕོ་བྲང་དང་གང་ཟག་སྒེར་སོ་སོས་དགོངས་པ་བཞེས་དགོས་པ་གནད་འགག་ཆེན་པོ་ཡིན་སྐོར་ཚོགས་གཙོས་གསུངས་སོང་།

༧གོས་ས་མཆོག་ཨ་རིར་ཕེབས་སྐབས་བསྟན་འཛིན་དོན་ལྡན་གྱིས་གོ་སྒྲིག་གནང་ཡོད་པ་དང་། དོལ་རྒྱལ་ཚོགས་པས་༧གོང་ས་མཆོག་ཕེབས་ལམ་དུ་ངོ་རྒོལ་བྱས་པ་དང་། བོད་རིགས་སྤྱི་མཐུན་ཚོགས་པ་གཙོས་མི་མང་ཕེབས་བསུར་བཅར་ས་རག་མེད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༧༢ ཀློག་གྲངས།