འབར་མའི་དགེ་འདུན་པ་ཚོས་ཁྲིམས་གསར་པར་དགའ་སྟོན།

དེ་ཡང་ཟླ་འདིའི་ཚེས་༢༠ ཉིན་འབར་མའི་སྲིད་འཛིན་གྱིས་ཁྲིམས་གསར་པ་ཞིག་ལ་མཚན་རྟགས་བཀོད་རྗེས། མི་མང་པོ་ཞིག་གིས་ཁྲིམས་གསར་པ་དེས་བུད་མེད་ཀྱི་ཐོབ་ཐང་ལ་རྡོག་རོལ་དང་། དེ་བཞིན་གྲངས་ཉུང་མི་རིགས་ཁ་ཆེ་བ་ཚོར་ཟུར་དུ་བུད་འགྲོ་བའི་སེམས་འཚབ་བྱེད་ཀྱི་ཡོད་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་དགེ་འདུན་པ་ཚོས་བདུན་གཉིས་ཀྱི་རིང་དེ་ལ་དགའ་སྟོན་བྱེད་བཞིན་ཡོད་འདུག
ཟླ་འདིའི་ཚེས་༢༣ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཀོད་གསལ་ལྟར་ན། ཁྲིམས་གསར་པ་དེས་མི་མང་གི་ཆོས་ལུགས་སྒྱུར་མི་ཆོག་པ་དང། བུད་མེད་ཅིག་ལ་ཕྲུ་གུ་བཙལ་རྗེས་སུ་ཕྲུ་གུ་སླར་ཡང་བཙལ་བ་ལ་ལོ་གསུམ་བསྒུག་དགོས་པ་བཙན་བཀའ་བྱེད་སྲིད་པ། དེ་བཞིན་སངས་རྒྱས་ཆོས་ལུགས་པའི་བུད་མེད་དང་ཆོས་ལུགས་གཞན་གྱི་བུ་བར་ལ་ཆང་ས་རྒྱག་རྒྱུར་བཀག་འགོག་དང། རང་ཉིད་ཀྱི་བཟའ་ཚང་མ་ཡིན་པར་གཞན་ལ་མཛའ་འབྲེལ་ལམ་ལུས་འབྲེལ་བྱེད་མི་ཆོག་པ་སོགས་བཀོད་ཡོད་འདུག

ཁྲིམས་གསར་པ་དེ་ནི་འབར་མའི་མ་བྷ་ཐ་(Ma Ba Thai)ཞེས་པའི་ཚོགས་པས་ཟིན་བྲིས་བྱས་པ་དང་དགོས་འདུན་བཏོན་པ་ཞིག་ཡིན་པ་དང། ཚོགས་པ་དེའི་ནང་ཚོགས་མི་ཕལ་ཆེ་བ་དགེ་འདུན་པ་ཡིན་འདུག དགེ་འདུན་པ་རྒན་པ་ཚོས་མི་མང་ལ་ཆོས་བཤད་སྐབས། ནང་པའི་ཆོས་ལུགས་དེ་ཁ་ཆེའི་ཆོས་ལུགས་ལས་ཉེན་ཁ་ཡོད་ཚུལ་བརྗོད་མཁན་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོདའདུག

ཕྱི་ལོ་༢༠༡༡ ལོར་འབར་མའི་དམག་གཞུང་གིས་གུ་ཡངས་དང་སྟབས་བསྟུན། སངས་རྒྱས་ཆོས་ལུགས་པའི་དགེ་འདུན་པ་ཚོ་ཆབ་སྲིད་ནང་འཛུལ་ཞུགས་བྱེད་རྒྱུ་ཤུགས་ཆེར་ཕྱིན་ཡོད་པ་དང། ཕྱི་ལོ་༢༠༡༢ ལོར་དགེ་འདུན་པའི་འགོ་ཁྲིད་འོག་འཁྲུགས་ཟིང་ཆེན་པོ་ཞིག་བྱུང་སྟེ། ཡུལ་མི་བརྒྱ་ལས་མང་བའི་སྲོག་ཤོར་བ་དང། མི་སྟོང་ཕྲག་མང་པོ་སྡོད་ས་མེད་པ་གྱུར་ཡོད་པ་རེད། དེའི་ནང་ནས་གྱོང་གུད་ཐེབས་ས་མང་ཆེ་བ་ཁ་ཆེ་བ་ཡིན་འདུག

འབར་མའི་ནང་གི་རྒྱལ་ཁབ་ཁག་དགུའི་གཞུང་ཚབ་ཀྱིས། ཟུང་འབྲེལ་གྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན་ལ། འོས་བསྡུའི་སྐབས་ཆོས་དེ་འགལ་ཟླ་དང་རྩོད་རྙོག་བཟོ་ཆེད་ཀྱི་ལག་ཆར་བེད་སྤྱད་ཀྱི་ཡོད་པ་འགྲེལ་བརྗོད་བྱས་འདུག

དེ་སྔོན་ཁ་ཆེ་བ་འོས་མི་ཕལ་ཆེ་བ་སླེབས་ལ་ཉེ་བའི་འོས་བསྡུའི་འོས་མིར་ལངས་ཐུབ་མེད་པ་དང། ཁ་ཆེ་བ་མང་པོ་ཞིག་གིས་མི་སེར་ལག་ཁྱེར་གཞུང་གིས་ཕྱིར་བསྡུ་བྱས་ཏེ་འོས་འཕེན་པའི་ཆ་རྐྱེན་མེད་པ་ཆགས་ཡོད་འདུག

ཆབ་སྲིད་དཔྱད་བརྗོད་པ་ཁ་ཤས་ཀྱིས་འབར་མའི་གྲོས་ཚོགས་ཀྱིས། མ་བྷ་ཐའི་ཚོགས་པར་རྒྱབ་འགལ་བྱེད་མི་ཕོད་པས་ཁྲིམས་གསར་པ་དེ་གཏན་འབེབ་བྱས་པ་ཡིན་ཚུལ་བརྗོད་ཀྱི་ཡོད་འདུག གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༥༨ ཀློག་གྲངས།