རྗི་ནེའི་ཝའི་རྒྱལ་ཚོགས་ཀྱི་མདུན་དུ་བོད་མིའི་ཞུ་འབོད།

སུད་སིར་བོད་རིགས་མི་མང་ཚོགས་པའི་སྒྲིག་གཞིའི་འོག ས་གནས་ཚོགས་ཆུང་ཁག་ལྔས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་འཚོག་པའི་སྐབས་དང་བསྟུན། རྒྱལ་ཚོགས་ལ་མི་མང་གི་ཞི་བའི་འབོད་སྐུལ་ལས་འགུལ་ཞིག་གོ་སྒྲིག་བྱས་ཡོད་པ་རེད།

lu9_25ཟླ་འདིའི་ཚེས་༥ ཉིན་གྱི་ལས་འགུལ་སྐབས། སྤྱི་ཟུར་ཁག་ཅིག་གཙོས་མི་མང་མཉམ་འཛོམས་ཐོག་བོད་རྒྱ་ཞི་མོལ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཆེད་རྒྱལ་ཚོགས་ཀྱིས་ཉམས་ཞིབ་གནང་དགོས་རྒྱུ་དང་བོད་དུ་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ལྷན་ཚོགས་ཤིག་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

ལས་འགུལ་འདིར་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་ཟླ་བ་ཚུལ་ཁྲིམས་ཀྱིས་བོད་ནང་གི་དཀའ་ངལ་དང་སྐྱབས་བཅོལ་བོད་མིའི་བསམ་བློའི་འདུ་ཤེས་དང་། བོད་དོན་ཐོག་ཏུ་བལྟ་ཚུལ་དང་སེམས་ཤུགས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་སོང་ལ། ཁོས་བདུན་སྔོན་མའི་སྐྱབས་བཅོལ་བ་གཞན་པའི་ལས་འགུལ་སྐབས་ཀྱི་མི་གྲངས་དང་སུད་སིར་ཡོད་པའི་བོད་ཀྱི་མི་གྲངས། ལས་འགུལ་གྱི་ཆ་ཤས་ལེན་མཁན་སོགས་ལ་ཞིབ་བསྡུར་དང་། རྗེས་ཕྱོགས་ལས་འགུལ་སྐབས་བོད་པ་རྣམས་ཀྱིས་དོ་སྣང་ཆེར་བསྐྱེད་ཀྱིས་ལས་འགུལ་ནང་མཉམ་ཞུགས་མང་ཙམ་བྱེད་དགོས་པའི་འབོད་སྐུལ་ཡང་གནང་སོང་།

གཞན་ཚོགས་ཆུང་ཁག་གི་འཐུས་མི་དང་འཐུས་ཚབ་རྣམས་ཀྱིས་རང་ཉིད་ཀྱི་བསམ་ཚུལ་དང་། ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་སོགས་མི་མང་ལ་གཏམ་བཤད་སྤེལ། ཞོར་ཏུ་སྐབས་འདིའི་གསར་འགོད་གསར་བསྒྲགས་གྲངས་༥༠༠ ལྷག་ཅིག་རྒྱལ་ཚོགས་ཀྱི་ཚོགས་ཞུགས་པ་དང་དེའི་ཉེ་འགྲམ་གྱི་སྤྲོ་འཁྱམས་པ་སོགས་ལ་བཀྲམ་པའི་ལས་འགུལ་སྤེལ་ཡོད་པ་རེད།།
ས་གནས་གསར་འགོད་པ་རྡོ་སྦིས་ཀླུ་རྒྱལ་གྱིས།

 

Share this:
༥༥ ཀློག་གྲངས།