བཀའ་ཤག་གིས་གྷན་རྡི་མཆོག་གི་འཁྲུངས་སྐར་སྲུང་བརྩི།

seloneཟླ་འདིའི་ཚེས་༢ ཉིན་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མདུན་དུ། སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས། བདག་ཉིད་ཆེན་མོ་གྷན་རྡིའི་འཁྲུངས་སྐར་སྲུང་བརྩི་བྱས་སོང།

ཐོག་མར་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་དང། དེའི་རྗེས་སུ་ཚང་མས་རྒྱ་གར་གྱི་རྒྱལ་གླུ་བཏང་སོང།

སྲིད་ཚབ་ཀྱིས་གྷན་རྡིའི་འཁྲུངས་སྐར་སྲུང་བརྩི་བྱེད་དགོས་པའི་རྒྱུ་མཚན་གསུང་དོན། གྷན་རྡི་མཆོག་གི་དུས་སྐབས་སུ་རྒྱ་གར་དབྱིན་ཇིའི་འོག་ལ་ཡོད་པ་རེད། བོད་པ་བཞིན་དཀའ་ངལ་ཆེན་པོ་ཡོད་པ་མ་རེད་མོད། དཀའ་ངལ་ཡོད་པ་ཞིག་རེད། ཁོང་དབྱིན་ཇིའི་ལུང་པ་ནས་རྒྱ་གར་ལ་སླེབས་ཏེ།འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ཐོག་ནས། རྒྱ་གར་གྱི་རང་བཙན་འཐབ་རྩོད་སྣེ་ཁྲིད་གནང་སྟེ་རང་བཙན་ཐོབ་པ་རེད། ང་ཚོ་བཙན་བྱོལ་བོད་པ་ཚོས་གྷན་རྡི་མཆོག་ལ་དཔེ་ལེན་རྒྱུ་ཞེ་དྲག་ཡོད་རེད། ཡིན་ཡང་གྷན་རྡི་མཆོག་ཁོང་གི་ལུང་པ་ལ་ཡོད་པས་ལས་དོན་སྒྲུབ་རྒྱུར་ལས་སླ་བ་དང། སྐབས་དེར་རྒྱ་གར་ལ་དབྱིན་ཇིའི་མི་ཡང་མང་པོ་མེད་པ་རེད། ཡིན་ཡང་ང་ཚོ་བཙན་བྱོལ་ལ་ཡོད་པ་ཡིན་པས། ཁོང་ནང་བཞིན་བྱེད་ཐུབ་ཀྱི་མ་རེད་དེ། ཁོང་གི་འཚེ་མེད་ཞི་བའི་ལྟ་གྲུབ་དང་ཁོང་གི་མི་ཚེ་བློས་བཏང་། ཉམ་ཆུང་ཐོག་ནས་ལས་འགུལ་མང་པོ་སྤེལ་ཏེ་བཙོན་ཁང་ལ་ཐེངས་མང་ཕྱིན་པ་སོགས་ལས་དཔེ་བླངས་ནས་ལས་དོན་བྱེད་དགོས་པ་རེད། ང་ཚོའི་དབུ་མའི་ལམ་དེ་ཡང་འཚེ་མེད་ཞི་བའི་ལྟ་གྲུབ་དང་མཐུན་པ་ཡིན་པ་རེད་ཅེས་གསུངས་སོང།
མཛད་སྒོའི་མཐའ་མར་སྲིད་ཚབ་ཀྱིས་བཀའ་ཤག་ལས་ཁུངས་ནང་དུ། གྷན་རྡི་མཆོག་གི་སྐུ་དཔར་མདུན་དུ་མཆོད་མེ་སྤར་སོང།

གྷན་རྡི་མཆོག་སྐུ་འཁྲུངས་ནས་ད་བར་ལོ་ངོ་༡༤༦ སོང་ཡོད་པ་དང། ༢༠༠༧ ལོར་མཉམ་སྦྲེལ་རྒྱལ་ཚོགས་ནས་ལོ་ལྟར་ཟླ་༡༠ པའི་ཚེས་༢ ཉིན་དེ་འཛམ་གླིང་འཚེ་མེད་ཞི་བའི་ཉིན་མོར་སྲུང་བརྩི་བྱེད་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༠༨ ཀློག་གྲངས།