སྤྱི་ཚོགས་ནང་མཛད་རྗེས་ཡོད་མེད་དང་ཆབ་སྲིད་ཀྱི་ལངས་ཕྱོགས་གང་ཡིན་དབྱེ་བ་བཀར་དགོས།

“འོས་བསྡུའི་སྐབས་སྔོན་མ་དབུ་མའི་ལམ་གྱི་ཁྱབ་ཁོངས་ཞིག་ཡིན་ཤག་གིས་མི་ཡག་པོ་སུ་ཡོད་ན་དེ་བདམས་པའི་གནས་སྟངས་འོག་སོང་བ་རེད། ད་ཐེེངས་མི་ཡག་བཙོག་ཙམ་མ་ཡིན་པར་ལྟ་བ་དང་ལངས་ཕྱོགས་ཀྱི་ཐོག་ནས་མི་མང་ཁྲོད་བགྲོ་གླེང་ཆེན་པོ་བྱུང་བ་དང་། དེ་ཡང་བོད་ཀྱི་རྩ་དོན་དང་འབྲེལ་བ་དང་། བོད་རང་དབང་རང་བཙན་དང་འབྲེལ་བའི་ཐོག་རྒྱ་ཆེའི་མི་མང་ནང་གོ་རྟོགས་ཡག་པོ་བྱུང་ཡོད་པ་རེད་”ཅེས་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་གསུངས་སོང་།

hjku678ཟླ་འདིའི་ཚེས་༣ ཉིན་གྱི་སྔ་དྲོ་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་༢༠༡༦ ལོའི་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པ་དང་། རྒྱ་གར་ནང་དུ་སྐོར་བསྐྱོད་མཇུག་བསྡོམས་དང་། ཨ་རིར་སྐོར་བསྐྱོད་དུ་འགྲོ་རྒྱུ་ཡིན་སྐོར་གསུང་པ་དང་འབྲེལ་ནས་ཁོང་གིས་གསུང་བཤད་སྐབས། རྒྱ་གར་ནང་དུ་བོད་མི་གནས་སྡོད་བྱེད་ས་ཁག་ཏུ་སྐོར་བསྐྱོད་སྐབས། གཞོན་སྐྱེས་ཚོས་དོ་སྣང་དང་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཁུར་དུ་བླངས་ནས་ལས་ཀ་མང་པོ་བྱས་སོང་བར། ཁོང་སྒེར་ལ་མཚོན་ན་སེམས་འགུལ་ཐེབས་པ་ཞིག་བྱུང་ཡོད་སྐོར་དང་། དེ་བརྒྱུད་ནས་ང་ཚོར་རྒྱབ་སྐྱོར་ཙམ་མ་ཡིན་པར། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང། བཙན་བྱོལ་ནང་གི་འོས་བསྡུའི་བརྒྱུད་རིམ་ལ་ཕན་ཐོགས་བྱུང་ཡོད་སྐོར་དང་འབྲེལ་ནས་ཁོང་གིས་གསུང་དོན། “འོས་བསྡུ་མ་བྱས་སྔོན་ནས། མང་གཙོའི་གོ་རྟོགས་སྤེལ་བར་ཕན་ཐོགས་བྱུང་ཡོད་པ་དང་། སྔོན་མ་འོས་བླུགས་རྒྱུ་ཙམ་དང་། དེ་ཡང་དབུ་མའི་ལམ་གྱི་ཁྱབ་ཁོངས་ཞིག་ཡིན་ཤག་གིས་མི་ཡག་པོ་སུ་ཡོད་ན་དེ་བདམས་པའི་གནས་སྟངས་འོག་སོང་བ་རེད། ད་ཐེེངས་མི་ཡག་བཙོག་ཙམ་མ་ཡིན་པར་ལྟ་བ་དང་ལངས་ཕྱོགས་ཀྱི་ཐོག་ནས་མི་མང་ཁྲོད་བགྲོ་གླེང་ཆེན་པོ་བྱུང་བ་དང་། དེ་ཡང་བོད་ཀྱི་རྩ་དོན་དང་འབྲེལ་བ་དང་། བོད་རང་དབང་རང་བཙན་དང་འབྲེལ་བའི་ཐོག་རྒྱ་ཆེའི་མི་མང་ནང་གོ་རྟོགས་ཡག་པོ་བྱུང་ཡོད་པ་རེད་”ཅེས་དང་། བོད་ནང་དུ་ཡང་འོས་བསྡུ་འདི་བརྒྱུད་ནས་ཁྱབ་བསྒྲགས་ཆེན་པོ་བྱུང་བ། བོད་ནང་ནས་རྩོམ་ཡིག་བྲིས་པ་དང་། བསང་གསོལ་གཏོང་བ་སོགས་བྱུང་བ་དེ་ཁོང་ལ་གྲུབ་འབྲས་ཙམ་མ་ཡིན་པར། བོད་ཕྱི་ནང་བར་གྱི་འབྲེལ་ལམ་དང་། རྩ་བའི་བོད་དོན་ཐོག་བོད་གཞིས་བྱེས་གཉིས་ནས་ཤུགས་རྒྱག་གི་ཡོད་པ་དེ་གསལ་པོ་བྱུང་ཡོད་སྐོར་གསུངས་སོང་།

བཙན་བྱོལ་ནང་བོད་རང་བཙན་རྩོད་མཁན་ཚོར་དཀའ་ངལ་འཕྲད་པ་དང་། དེ་ཡང་གཞུང་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་བ་ཡོད་པའི་ལོ་ཤས་རིང་རང་བཙན་གྱི་གནས་བབས་དེ་སྐྱོ་རུ་སོང་ཡོད་པ་དེ། རང་བཙན་དང་དབུ་མའི་ལམ་བར་གཅིག་གིས་གཅིག་ལ་འགྲེལ་བཤད་ཁ་གསལ་དུ་སོང་བ་དང་། རང་བཙན་བཤད་མཁན་ཚོས་གཅིག་ལ་སྐྱོན་བརྗོད་ཁོ་ན་བྱེད་ཀྱི་མེད་པར། རྒྱ་ཆེའི་མི་མང་གི་མངོན་འདོད་དང་སེམས་ཚོར་གྱི་ལས་ཀ་བྱེད་རྒྱུ་ཡོད་པ་དང་དམིགས་ཡུལ་ཡོད་པ་གསལ་པོ་བྱུང་ཡོད་སྐོར་ཡང་ཁོང་གིས་ངོ་སྤྲོད་གནང་སོང་།

དེ་བཞིན་རང་བཙན་བཤད་མཁན་ཞིག་འོས་མིར་ལངས་ཡོང་གི་ཡོད་པས་རྒྱ་ནག་གིས་དོ་སྣང་བྱེད་དགོས་བྱུང་ཡོད་པ་དང་བརྒྱུད་ལམ་ཁག་ནས་དོ་སྣང་ཤུགས་ཆེན་བྱས་ཏེ། བོད་ཀྱི་གནད་དོན་རྒྱལ་སྤྱིའིི་ཐོག་སླེབས་རྒྱུར་ཕན་ཐོགས་བྱུང་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།

55ljjjཁོང་གིས་མུ་མཐུད་གསུང་དོན། “ཆབ་སྲིད་ཀྱི་ཁྱབ་ཁོངས་ནས་རྩེད་འཇོའི་རིགས་དང་འབྲེལ་བའི་ཟུར་ཟ་རི་མོ་སོགས་མི་མང་གིས་སྐྱིད་པོའི་ངང་ཉི་མ་གཏོང་རྒྱུ་བྱུང་བ་སོགས་ཆབ་སྲིད་ཀྱི་ཁྱབ་ཁོངས་ལ་དགོས་རེད། ང་ལྟ་བུ་ལ་རྭ་ཅོ་ཡོད་པ་དང་། རྔ་མ་ཡོད་པ་དེ་འདྲ་མང་པོ་བཟོས་འདུག དེར་དགའ་པོ་བྱུང། དེས་ཆབ་སྲིད་ཀྱི་ཁྱབ་ཁོངས་གུ་ཡངས་པོ་དང་ཕྱོགས་ཡོངས་ནས་མང་ཚོགས་ནང་བགྲོ་གླེང་ཡོང་རྒྱུར་ཕན་གྱི་རེད། ཆབ་སྲིད་ཟེར་བ་དེ་ཧ་ཅང་སྦུ་གུ་དོགས་པོ་དང་དགོན་པ་ནང་གི་སྐུ་འདྲ་བཤམ་པའི་རྣམ་པ་མ་ཡིན་པ་ཞིག་དགོས་རེད། སྐབས་སྔོན་མ་དང་བསྡུར་ན་ཡག་ཏུ་སོང་འདུག་ལ། ང་ལ་མཚོན་ན་མང་པོ་བཟོས་འདུག ཁྱེད་ཚོ་ཡང་བཟོས་ཡོད་ཀྱི་རེད། དྲང་ཕྱོགས་ནས་བཤད་ནའང་རེད། ལྡོག་ཕྱོགས་ནས་བཤད་ནའང་རེད། དེ་ཚོ་ཡག་པོ་རེད་”ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་བོད་ཁྱིམ་ཁྱབ་ཁོངས་ཀྱི་མཐོ་སློབ་དང་། དགའ་ལྡན་དགོན་པ་སོགས་ཀྱི་ནང་ཁོང་ལ་གཏམ་བཤད་བྱེད་རྒྱུ་བཀག་འགོག་བྱས་སྐོར་དང་འབྲེལ་ནས་གསུང་དོན། “སྤྱིར་བཏང་ཁོང་ཚོ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཡིན་ཟེར་གྱི་ཡོད་པ་རེད་མོད། བཙན་བྱོལ་བོད་མིའི་ཁྱབ་ཁོངས་འོག་ཁྱབ་དགོས་པ་རེད། བཙན་བྱོལ་བོད་མིའི་རྒྱལ་ཡོངས་འོས་བསྡུ་འགྲོ་བཞིན་ཡོད་པས། ང་སྒེར་གྱི་ཚོགས་པ་ཡིན་ཟེར་ས་ཞིག་ཡོད་མ་རེད་བསམ་གྱི་འདུག ཡིན་ནའང་གནས་སྟངས་དེ་འདྲའི་འོག་ང་ཚོའི་གཏམ་བཤད་བཀག་པ་དེས་ཐད་ཀར་ང་ཀླུ་མཁར་བྱམས་ལ་སྐྱོན་དང་དོ་ཕོག་འགྲོ་ཡི་ཡོད་མེད་ཧ་གོ་ཡི་མི་འདུག བཀག་པའི་རྒྱུ་མཚན་ལ་བརྟེན་ནས་ཡག་ཏུ་འགྲོ་ཡི་ཡོད་པ་འདྲ་ཡང་མཐོང་གི་འདུག ཡིན་ཡང་བྱེད་སྟངས་འདི་མང་གཙོའི་ལམ་ལུགས་དེ་ཡག་པོ་ཞིག་ལ་འགྲོ་ཡི་མེད་པ་དེ་གསལ་པོ་རེད་འདུག་བསམ་གྱི་འདུག རྒྱ་ཆེའི་མི་མང་གི་གདམ་བྱ་འདེབས་བྱེད་ཀྱི་ཐོབ་ཐང་ལ་དོ་ཕོག་འགྲོ་ཡོད་པ་རེད་”ཅེས་གསུངས་པ་དང་། ཁག་ཅིག་གིས་ཀླུ་མཁར་བྱམས་མཉམ་སྡིངས་ཆ་གཅིག་གི་ཐོག་སྐད་ཆ་བཤད་རྒྱུ་མིན་སྐོར་དང་། སྡིངས་ཆ་མ་སྤྲད་པ་དེ་ཡག་པོ་རེད་ཅེས་གནད་ཡོད་མི་སྣ་དེ་འདྲས་བཤད་ཡོད་པ་རེད། དེ་ཚོ་མི་སྒེར་དང་སྒེར་གྱི་གནད་དོན་མིན་པར། རྒྱ་ཆེའི་མི་མང་གི་འོས་བསྡུ་དང་འབྲེལ་ཡོད་པས། དེ་རིགས་ཀྱིས་མང་གཙོ་ལ་འགན་ཁུར་གྱི་མེད་སྐོར་ངོ་སྤྲོད་གནང་སོང་།

ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་མང་གཙོ་དང་འབྲེལ་ནས་གསུང་དོན། “༧གོང་ས་མཆོག་གིས་བོད་ལ་མང་གཙོ་གསོལ་རས་གནང་ནས་གུ་ཡངས་དང་མང་གཙོའི་དབུ་ཁྲིད་ཅིག་ཡིན་པ་འཛམ་གླིང་ཐོག་སྤྱི་མོས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ལ། ང་རང་ཡིན་ནའང་དེ་ལ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་༧གོང་ས་མཆོག་གི་མཚན་གནས་བེད་སྤྱོད་བཏང་སྟེ་མང་གཙོ་བཀག་བསྡད་ཡོད་པ་དེ་༧གོང་ས་མཆོག་གི་སྐྱོན་མ་རེད། ད་ལྟ་ཡིན་ན་ཁོང་གིས་གནང་བཞག་པའི་མང་གཙོའི་ལམ་ཁ་ཡང་དག་པ་དེ་ཡང་བསྐྱར་ཁོང་གི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་བཀག་པའི་གནས་སྟངས་དེ་ངས་ད་ཐེངས་ཕྱོགས་བསྐྱོད་སྐབས་ངོས་ཟིན་བྱུང་ལ། རྒྱ་ཆེའི་མི་མང་གིས་དོ་སྣང་དགོས་པ་དང་། འདིའི་ཐོག་༧གོང་ས་མཆོག་སྐུ་སྒེར་ལ་ཐུགས་སུན་བཟོ་མ་དགོས་པ་ཞིག་ལ་འགན་ཁུར་དགོས་པ་རེད། སུ་༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་མཁན་ཡིན་དང་། སུ་༧གོང་ས་མཆོག་ལ་ཁ་གཏོང་མཁན། སུ་༧གོང་ས་མཆོག་གི་བཀའ་མི་བསྒྲུབ་མཁན་རེད་ཅེས་སོ་སོས་བཤད་དགོས་པའི་ལྟ་བ་ལངས་ཕྱོགས་མ་བཤད་ནས། ༧གོང་ས་མཆོག་གི་མཚན་གནས་ཁྱེར་ཡོང་ནས། སྤྱི་ཚོགས་ནང་སུན་པོ་བཟོ་ཡི་ཡོད་པར་རྒྱ་ཆེའི་མི་མང་གིས་དོ་སྣང་དགོས་ཀྱི་འདུག་”ཅེས་སོགས་གསུངས་སོང་།

གསར་འགོད་གསལ་བསྒྲགས་ཐོག་ཚོགས་ཞུགས་པ་ཞིག་གིས་༧སྐྱབས་མགོན་རིན་པོ་ཆེ་རྒྱལ་ཚོང་ལབ་ཡོད་རེད་ཟེར་གྱི་ཡོད་རེད། ཚིག་དེ་སྡུག་ཆགས་ཡིན་པས་དེའི་ཐོག་ཁྱེད་ཀྱིས་གསལ་བཤད་ཅིག་གནང་རོགས་ཞེས་དྲིས་པར། ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་ལན་འདེབས་གནང་དོན། “༧སྐྱབས་མགོན་པོ་ཆེ་རྒྱལ་ཚོང་པ་རེད་ངས་ལབ་འདུག་ཅེས་སྔོན་མ་ནས་སྤྱི་ཚོགས་ནང་ཁྱབ་བསྡད་ཡོད་པ་རེད། ཡང་བསྐྱར་སྐད་ཆ་དེ་ཤུགས་ཆེ་རུ་འགྲོ་དགོས་པ་དེ་ཉེ་ཆར་ནོར་ཝེ་རླུང་ཕྲིན་ཁང་གིས་དེའི་སྐོར་ང་ལ་དྲིས་པ་རེད། ང་སྒེར་གྱི་ངོས་ནས་རྒྱལ་ཚོང་པ་ལབ་མེད་ བཤད་པ་བརྙན་འཕྲིན་ནང་ཡོད་པ་རེད། ཡིན་ནའང་ངས་ལབ་མེད་པ་དེ་ཁྱེར་མ་ཡོང་ནས་ཁྱོད་ཀྱིས་བཤད་སྟངས་ཐོག་ནས་དེ་འདྲ་གོ་བ་བཏང་འདུག་ཟེར་གྱི་ཡོད་པ་རེད། སྐད་ཆ་དེ་དང་པོ་ཡོང་སྟངས་སྔོན་མ་པཎ་ཆེན་རིན་པོ་ཆེ་སྐུ་གོང་མའི་སྐོར་གྱི་བགྲོ་གླེང་ཞིག་གི་ཐོག་ངས་སྐད་ཆ་བཤད་རེད། བོད་པའི་སྤྱི་ཚོགས་ནང་པཎ་ཆེན་རིན་པོ་ཆེར་མཚན་སྨོད་བྱས་ཡོད་པ་ཡིག་ངག་གཉིས་ཐོག་ན་ཡོད་པ་རེད། རྒྱལ་ཚོང་པ་རེད། ཚོང་པ་རྒྱག་པ་རེད་ཅེས་དང་། ང་ཕོད་ངག་དབང་འཇིགས་མེད་དང་འབའ་བ་ཕུན་ཚོགས་དབང་རྒྱལ་སོགས་ལ་མཚན་སྨོད་བྱས་ཡོད་པ་རེད། ག་འདྲ་རེད་ཟེར། ཁོང་ཚོས་རྒྱ་ནག་གི་ཁྲིམས་སྒྲིག་གཞིའི་འོག རང་བཙན་མ་བརྩད་པར་བོད་པའི་སྤྱི་ཚོགས་ཡར་རྒྱས་གཏོང་དགོས་ཀྱི་འདུག རང་བཙན་ལེན་ཐུབ་ཀྱི་མ་རེད་ཅེས་པ་དེ་འདྲ་བཤད་ནས། བཙན་བྱོལ་སྤྱི་ཚོགས་ནང་ནས་ཡིག་ངག་གཉིས་ཐོག་ནས་ཁོང་ཚོར་ཁ་རྡུང་སུས་བཏང་བ་གསལ་པོ་ཡོད་པ་རེད། དེའི་རྗེས་ནས་༧རྒྱལ་བ་རིན་པོ་ཆེ་དང་། ཟམ་གདོང་རིན་པོ་ཆེ་སོགས་ཀྱི་མཚན་ཐོག་ནས་རྒྱ་ནག་གི་རྩ་ཁྲིམས་འོག་སྡོད་རྒྱུ་ཡིན་ཞེས་ཡི་གེ་སྤྲད་པ་དང་། རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་བསྡད་ན་ཁེ་བཟང་ཡོད་པ་རེད་ལབ་དུས། ང་ཚོའི་མི་ཐོག་གཅིག དུས་རབས་གཅིག་གི་མི་ཁོང་ཚོར་བཤད་མཁན་མི་དེ་ཚོ་རང་གིས་དགོངས་པ་བཞེས་སྟངས་དེ་རླབས་ཆེན་རེད་འདུག་ཅེས་བཤད་ཀྱི་ཡོད་རེད། དེ་ཚོ་གནད་དོན་ལ་ལྟ་ཡི་མེད་པར་གང་ཟག་སུས་བཤད་ལ་ལྟ་ཡི་ཡོད་པ་རེད། སུ་རྒྱལ་ཚོང་པ་ཡིན་དང་སུ་རྒྱལ་གཅེས་པ་ཡིན་གཙོ་བོ་མ་རེད། ང་ཚོས་སྤྱི་ཚོགས་ནང་སོ་སོའི་བླ་མ་དང་། སོ་སོར་དད་པ་ཡོད་པ། ཡང་ན་སོ་སོར་ཁེ་བཟང་ཡོད་པའི་མི་ཞིག་གིས་བཤད་ན་ཧ་ཅང་རྒྱལ་གཅེས་པ་རེད་ཅེས་བཤད་པ་དང་། སོ་སོ་དང་འབྲེལ་བ་མེད་པའི་མི་ཞིག་གིས་བཤད་ན་དེ་ལ་ཞྭ་མོ་ག་རེ་གཡོགས་དགོས་ན་འཚེར་སྣང་མེད་པ། མི་ཐོག་གཅིག་གི་རིང་སྐད་ཆ་དེ་འདྲ་ཡོང་གི་ཡོད་པ་རེད། དེ་ཡང་ཧ་ལམ་མི་གཅིག་གིས་ན་ནིང་དེ་འདྲ་བཤད། ད་ལོ་འདི་འདྲ་བཤད་ཀྱི་ཡོད་རེད། ང་ཞེད་སྣང་སྐྱེས་ས་དེ་སུ་རྒྱལ་གཅེས་པ་དང་། སུ་རྒྱལ་ཚོང་པ་ཡིན་མ་རེད། སྐད་ཆ་འདིའི་རིགས་བཤད་ནས་དཀྲོག་གཏམ་བཟོ་བསྡད་ཡོད་པ་དེར་ང་ལ་ཞེད་སྣང་ཡོད། རྒྱལ་གཅེས་པ་ཡིན་ན་རྣམ་པ་ཚོ་ཡིན་མཉམ་རེད། མིན་ན་མིན་ཉམས་རེད་ཅེས་དེའི་སྐབས་ངས་སྤྱི་ཚོགས་ལ་ཕར་དྲི་བ་ཞིག་དྲིས་ཡོད་པ་ལས། ང་རང་གིས་ཐག་བཅད་ནས་བཤད་ཡོད་པ་མ་རེད། ང་ཚོར་དེ་འདྲའི་ལངས་ཕྱོགས་ཤིག་མེད་ན། ང་ཚོས་ཆབ་སྲིད་བཤད་ནས་ཕན་ཐོགས་ཡོད་པ་མ་རེད། གདོང་པ་གཉིས་ཅན་དང་། གཞན་པས་བྱས་ན་འགྲིག་པ། སོ་སོ་དགའ་པོ་མེད་ན་མ་འགྲིག་པའི་གནས་སྟངས་འོག་ངས་སྔོན་མ་སྐད་ཆ་དེ་འདྲ་བཤད་ཡོད་རེད། ཡིན་ནའང་ཁ་སང་ནོར་ཝེའི་དྲི་བ་སྐབས་ལན་རྒྱག་རྒྱུར་སྐར་མ་གཉིས་ལས་མེད་པས། ལན་དེ་ཆ་ཚང་སོང་ཡོད་པ་མ་རེད་”ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་གསུང་དོན། “བོད་དེ་རྒྱལ་ཁབ་ཅིག་ཡིན་པ་ང་ཚོས་བཤད་ཀྱི་ཡོད་པ་དང་ལོ་རྒྱུས་ཐོག་གསལ་ཡོད་རེད། དེ་ཡིན་ན་རྒྱལ་ཁབ་ཀྱི་ཐོབ་ཐང་རྩོད་ལེན་བྱེད་རྒྱུ་མིན། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་འདུག་རྒྱུ་ཡིན་ཞེས་སྐད་ཆ་བཤད་ན། མ་འོངས་པར་ལོ་རྒྱུས་དང་ཁྲིམས་དང་སྒྲིག་གཞི། སྲིད་དོན་གྱི་ཐ་སྙད་ཅིག་གི་ཐོག་ནས་ཐག་བཅད་ཡོང་གི་རེད། ཀླུ་མཁར་བྱམས་ཀྱིས་༧སྐྱབས་མགོན་རིན་པོ་ཆེར་མཚན་སྨོད་ཟེར་ནའང་རེད། རྒྱལ་གཅེས་པ་དང་རྒྱལ་ཚོང་པའི་སྐད་ཆ་བཤད་དགོས་མ་རེད། འདིའི་རིགས་རྒྱལ་ཁབ་ཡིན་པ་ཞིག་རྒྱལ་ཁབ་དགོས་ཀྱི་མེད་ཅེས་སྐྱབས་མགོན་རིན་པོ་ཆེའི་མཚན་གནས་རྗེས་འབྲེལ་ཐོག་ནས་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་འདུག་རྒྱུ་ཡིན་པའི་ས་གནས་མི་རིགས་རང་སྐྱོང་གི་ཡིག་ཆ་སྤྲད་ན། ལོ་རྒྱུས་ཀྱིས་གདེངས་འཇོག་ག་ཚོད་བྱེད་ལོ་རྒྱུས་སྨྲ་བ་དང་མ་འོངས་པར་འདུག་རྒྱུ་རེད། དེ་རིང་ཀླུ་མཁར་བྱམས་བཙིར་ཡོང་བ་དེ་ཁྱོད་སྲིད་སྐྱོང་གི་རྐུབ་སྟེགས་ཐོག་འགྲོ་ཡི་རེད་དང་མ་རེད། ད་ལྟ་ལམ་ཁ་བཀག་ཐུབ་མིན་ལ་བེད་སྤྱོད་གཏོང་བ་ལས། ལོ་རྒྱུས་ཀྱི་དཔྱད་པ་གཏོང་ས་དང་ལས་རྒྱུ་འབྲས་ཀྱི་སྐད་ཆ་བཤད་ཀྱི་ཡོད་པ་མ་རེད་”ཅེས་གསུངས་སོང་།

དེ་བཞིན་ཁོང་གིས་༧སྐྱབས་མགོན་པོ་ཆེ་བོད་ལ་བཀའ་དྲིན་ཆེན་པོ་ཡིན་པ་རྩོད་མེད་ཡོང་གྲགས་ཡིན་པ་དང་ངོས་འཛིན་བྱེད་ཀྱི་ཡོད་སྐོར། སྤྱི་ཚོགས་མཛད་རྗེས་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་དབྱེ་བ་བཀར་དགོས་སྐོར་ཡང་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།

Share this:
༡༩༩ ཀློག་གྲངས།