དཔའ་བོ་དཔའ་མོ་རྗེས་དྲན་གྱི་ལག་སྤོལ་རྩེད་འགྲན་གྱི་གཟེངས་རྟགས།

ཟླ་འདིའི་ཚེས་༧ ཉིན་དྷ་ས་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་༤༦འཁོར་བའི་ཉིན་མོ་དང་སྟབས་བསྟུན། བོད་ཀྱི་དཔའ་བོ་དཔའ་མོ་རྗེས་དྲན་གྱི་ལག་སྤོལ་རྩེད་འགྲན་མཐའ་མའི་འགྲན་སྡུར་གྱི་གཟེངས་རྟགས་སྤྲད་ཡོད་པ་རེད།

4253lokpདེ་ཡང་རྩེད་འགྲན་དེ་དྷ་ས་ས་གནས་གཞོན་ལྷན་དང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་བུད་མེད་ནུས་སྟོབས་གོང་སྤེལ་སྡེ་ཚན་གཉིས་ཀྱི་གོ་སྒྲིག་འོག དྷ་ས་གངས་སྐྱིད་ཉེ་འཁྲིས་ཀྱི་གཞོན་ལྷན་ལག་སྤོལ་རྩེད་ཐང་དུ། འདི་ལོའི་ཕྱི་ཟླ་༩ ཚེས་༢༠ ནས་འགོ་འཛུགས་བྱས་པ་དང་། དེའི་ནང་དྷ་སའི་ཉེ་འཁོར་གྱི་བུའི་རུ་ཁག་༡༢ དང་། བུད་མེད་རུ་ཁག་༦ མཉམ་ཞུགས་བྱས་ཡོད་པ་རེད།

རྩེད་འགྲན་དེའི་དམིགས་ཡུལ་གཙོ་བོད་ཀྱི་དཔའ་བོ་དཔའ་མོར་རྗེས་དྲན་དང་། ན་གཞོན་ཚོའི་འཕྲོད་བསྟེན་ཆེད་དུ་གཞོན་ནུའི་དུས་དྲན་ཉིན་ལོ་རྟག་པར་རྩེ་ཡི་ཡོད་པ་རེད། མཐའ་མའི་རྩེད་འགྲན་ཐོག་བུ་ ‘འབྲོག་པ་རུ་ཁག་’དང་། ‘དྷ་ས་རུ་ཁག་’གཉིས་འགྲན་སྡུར་བྱས་ཏེ། མཐའ་མའི་རྒྱལ་ཁ་འབྲོག་པ་རུ་ཁག་ལ་ཐོབ་པ་དང་། བུད་མེད་སྨན་རྩིས་ཁང་རུ་ཁག་དང་། སཱ་ར་མཐོ་སློབ་རུ་ཁག་གཉིས་འགྲན་སྡུར་བྱས་ཏེ། སྨན་རྩིས་རུ་ཁག་ལ་རྒྱལ་ཁ་ཐོབ་སྟེ། རྗེས་དྲན་ལག་སྤྲོ་རྩེད་འགྲན་གྱི་གཟེངས་རྟགས་སྤྲད་ཡོད་པ་རེད།

jkui890ཟླ་འདིའི་ཚེས་༧ ཉིན་གཞོན་ལྷན་དབུ་བརྙེས་པའི་དུས་དྲན་མཛད་སྒོའི་ཐོག ས་གནས་གཞོན་ལྷན་གྱི་ཚོགས་གཙོ་དབང་ལྡན་སྐྱབས་ཀྱི་རྩེད་འགྲན་དེ་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་བ་དང་། གཞོན་ལྷན་དབུས་རྒྱུན་དྲུང་ཆེ་བསྟན་འཛིན་ལམ་བཟང་གིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་གནང་སྐབས། གཞོན་ལྷན་ཚོགས་པ་འཛུགས་དགོས་པའི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་དོན། “བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་འཛམ་གླིང་གི་ཡར་རྩེར་ཞི་བདེ་བག་ཕེབས་ཏུ་གནས་པའི་བོད་རྒྱལ་ཁབ་ཆེན་པོར་རྒྱ་དམར་ཀླ་ཀློའི་དཔུང་ཚོགས་ཀྱིས་དམར་པོ་ཁྲག་གི་གཡུལ་ཆེན་བཤམས་ཏེ་རང་རིགས་ཀྱི་མེས་པོ་སེར་སྐྱ་གྲངས་ལས་འདས་པ་དམར་གསོད་དང་། མནར་གཅོད། ཆོས་དང་རིག་གཞུང་གི་ལྟེ་གནས་སྟོང་ཕྲག་མང་པོ་རྩ་མེད་བཟོས་པ་སོགས་ཕ་ས་གཞན་ལག་ཏུ་ཤོར་བ་མ་ཟད། སྐབས་དེའི་རྒྱ་དམག་གིས་རང་ཅག་གངས་ཅན་ལྷ་མི་ཀུན་གྱི་སྐྱབས་གནས་དམ་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་འདོ་བའི་ལས་ངན་ཡང་རྩོམ་འཆར་ཡོད་པ་སོགས་ཀྱིས་རྐྱེན་པས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བོད་རྒྱལ་ཁབ་ནས་བཙན་བྱོལ་དུ་གྱར་དགོས་བྱུང་བ།  བོད་འབངས་རྣམས་མ་བུ་ཁ་བྲལ་དང་མིང་སྲིང་དམར་གསོད་བཏང་བ།  རྒྱལ་སྤྱིའི་སྟེང་ནས་བདེན་པའི་རྒྱབ་ལངས་དཀོན་པ་སོགས་བོད་རྒྱལ་འབངས་ཀུན་ལ་དཀའ་སྡུག་གཉན་ཕྲང་ཆེ་ཤོས་ཀྱི་དུས་སྐབས་སུ་བཙན་པོའི་སྙིང་སྟོབས་དང་ལ་རྒྱའི་གསོན་ཤུགས་ལྡན་པའི་བྱེས་གྱར་བོད་རིགས་གཞོན་སྐྱེས་གང་མང་ཞིག་ལྷན་འཛོམས་ཀྱིས་གཙོ་བོར་བོད་ཀྱི་བདེན་དོན་འཐབ་རྩོད་དང་། དེ་བཞིན་ཆོལ་ཁ་དང་ཆོས་ལུགས་རིས་སུ་མ་ཆད་པའི་ཐོག་ནས་བོད་མི་རྣམས་མཐུན་སྒྲིལ་དམ་གཙང་ཅིག་གྱུར།  བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། བོད་མིའི་ངོ་བོ་སྲུང་སྐྱོབ་སོགས་ཀྱི་དགོས་པ་གལ་ཆེར་དམིགས་ནས་སྤྱི་ལོ་༡༩༧༠ ཟླ་བ་༡༠ ཚེས་༧ ཉིན་དངོས་སུ་བཞུགས་སྒར་རྡ་རམ་ས་ལར་གསར་འཛུགས་ཞུས་པ་ཞིག་ཡིན་”ཞེས་ངོ་སྤྲོད་གནང་སོང་།

དེ་བཞིན་གཞོན་ལྷན་དྲུང་ཆེ་བསྟན་འཛིན་ལམ་བཟང་གིས་བོད་མི་ཡོངས་ཀྱིས་བོད་དོན་འཐབ་རྩོད་ཆེད་ནུས་ཤུགས་འདོན་དགོས་སྐོར་དང་། དེ་སྔོན་གཞོན་ལྷན་གྱིས་ཆབ་སྲིད་ལས་འགུལ་དང་། སྤྱི་ཚོགས་ཞབས་ཞུ། རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཆེད་ལས་འགུལ་གང་མང་སྤེལ་ཡོད་སྐོར་ངོ་སྤྲོད་གནང་སོང་།

དུས་དྲན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་གཞོན་ལྷན་དབུས་རྒྱུན་ཟུར་པ་སྤྱི་འཐུས་ཀརྨ་ཡེ་ཤེས་ཀྱིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་ཆོལ་ཁ་ཆོས་ལུགས། ཕོ་མོ་སྐྱ་སེར་དབྱེ་འབྱེད་མེད་པའི་ཚོགས་པ་ཞིག་ཡིན་པ་དང་། ཐོག་མར་འཛུགས་མཁན་སྐུ་གྲོངས་ཟིན་པ་དང་ད་ལྟ་བཞུགས་ཡོད་པ་གཉིས་ཀ་ཡོད་པ་རེད། སྒྲིག་འཛུགས་འདི་ད་ལྟ་བར་གནས་ཡོད་པ་དང་། བོད་ཀྱི་རྩ་དོན་ཆེད་དུ་ལས་དོན་མང་པོ་གནང་ཡོད་སྐོར། སྐབས་སྐབས་སུ་གང་ཟག་སྒེར་རེ་ཟུང་ལ་བརྟེན་ནས་དཀའ་ངལ་ཡོང་སྲིད་ཀྱང་། ཚོགས་པ་འདི་སྒེར་སུ་ཞིག་ལ་དབང་གི་མེད་པར་བོད་སྤྱི་ལ་བདག་པ་ཞིག་ཡིན་པས། ཚང་མས་འགན་ཁུར་དགོས་པ་དང་། གཙོ་བོ་དབུས་རྒྱུན་དང་ས་གནས་རྒྱུན་ལས་ཚང་མས་གཞོན་ལྷན་ཐོག་མར་འཛུགས་སྐབས་ཀྱི་དམིགས་ཡུལ་བཞི་གཞིར་བཟུང་གིས་ལས་དོན་བྱེད་དགོས་སྐོར་གསུངས་སོང་།

དེ་བཞིན་སྤྱི་འཐུས་ཀརྨ་ཡེ་ཤེས་ཀྱིས་རྩེད་འགྲན་དང་འབྲེལ་ནས་གསུང་དོན། “རྩེད་འགྲན་དེ་གཅིག་གིས་ཤོར་བ་དང་གཅིག་ལ་ཐོབ་ཀྱི་རེད། ཐོབ་ཤོར་གལ་ཆེན་པོ་མ་ཡིན་པར། རྒྱལ་ཁབ་ཀྱི་ལ་རྒྱ་བསྐུན་ཐབས་དང་། མཐུན་སྒྲིལ་ཡོང་ཐབས། གཟུགས་པོའི་འཕྲོད་བསྟེན་ཡག་པོ་ཡོང་ཐབས། རྩེད་མོ་འདི་བརྒྱུད་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་རྗེས་དྲན་བྱེད་རྒྱུ་གལ་ཆེན་པོ་རེད། རྩེད་མོ་ཐོབ་ཤོར་གལ་ཆེན་པོ་མ་ཡིན་པར། རྩེད་འགྲན་དེ་གལ་ཆེན་ངོས་འཛིན་དགོས་པ་རེད་”ཅེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༦༢ ཀློག་གྲངས།