ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ།

ཟླ་འདིའི་ཚེས་༡༥ ཉིན་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་དེ་འགོ་འཛུགས་བྱས་ཡོད་པ་རེད།

12119253_10465ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། སྨན་རྩིས་ཁང་གི་འགན་འཛིན་དང་ལས་བྱེད། ཚོགས་ཆེན་ཐོག་གཏམ་བཤད་པ་རྣམས། སྨན་རྩིས་མཐོ་སློབ་ཀྱི་སློབ་མ། ཆེད་དུ་ལྡེ་ར་ལྡུན་ནས་ཡོང་བའི་བོད་ཁྱིམ་སེ་ལ་ཀུའི་ཚན་རིག་སྡེ་ཚན་གྱི་སློབ་མ་དང་ཕྱི་རྒྱལ་བའི་སློབ་མ་ཁག་བཅས་མཉམ་ཞུགས་བྱས་སོང།

ལུས་སེམས་སྲོག་གི་སྡེ་ཚན་འགན་འཛིན་དགེ་བཤེས་བསྟན་པ་བཀྲ་ཤིས་ཀྱིས་བགྲོ་གླེང་དེའི་སྐོར་ངོ་སྤྲོད་གནང་བ་ལྟར་ན། ༢༠༡༣ ལོའི་བགྲོ་གླེང་ཐེངས་དང་པོའི་སྐབས་སུ། ཕྱི་དངོས་པོའི་ཡར་རྒྱས་དང་འགྲན་རྩོད་དང་འབྲེལ་བའི་མི་རྣམས་ཀྱི་སེམས་ལ་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་ཁར། སེམས་ཁམས་བདེ་སྲུང་དང་ལེགས་བཅོས་གལ་ཆེན་བཟུང་བའི་ཐོག སློབ་གསོ་དང་ངེས་དོན་གྱི་ལག་ལེན་གཉིས་མངོན་འགྱུར་ཡོང་བའི་དམིགས་ཡུལ་བཟུང་སྟེ། ལུས་སེམས་སྲོག་གསུམ་གྱི་ངོས་འཛིན་དང་རྒྱུ་རྐྱེན། བཅོས་ཐབས་སོགས་ཀྱི་བརྗོད་གཞིའི་ཐོག་འཚོགས་ཡོད་པ་རེད།

དེ་བཞིན་༢༠༡༤ ལོའི་བགྲོ་གླེང་ཐེངས་གཉིས་པའི་སྐབས། སེམས་ཁམས་འཕྲོད་བསྟེན་གྱི་བྱ་གཞག་ཡར་རྒྱས་གཏོང་ཐབས་དང། ཕྱི་ནང་གི་གི་རིག་གཞུང་འདྲ་མིན་གྱི་ལེགས་ཆ་བརྗེ་རེས་བྱ་རྒྱུ། དེ་བཞིན་སེམས་ཁམས་ལེགས་བཅོས་ཐད་ཆོས་ལུགས་འདྲ་མིན་དང་གསོ་རིག་འདྲ་མིན་ཐུན་མོང་གི་བསྒྲུབ་བྱ་གང་ཡོད་འཚོལ་ཞིབ་བྱ་རྒྱུ་བཅས་ལ་དམིགས་ཏེ། བརྗོད་གཞི་གཙོ་བོ་བོད་བརྒྱུད་ནང་བསྟན་རིག་པ། དེང་གི་རིག་གསར། རྒྱ་གར་ཚེ་ཡི་རིག་བྱེད། རྒྱ་གར་བྲམ་ཟེ་སྨན་ལུགས། རྒྱ་ནག་སྲོལ་རྒྱུན་སྨན་ལུགས། ཁ་ཆེའི་སྨན་ལུགས་བཅས་ལས་གསུངས་པའི་ལུས་སེམས་སྲོག་གི་ངོས་འཛིན་དང། དེ་གསུམ་གྱི་འབྲེལ་བ། དེ་གསུམ་འཁྲུག་པའི་རྒྱུ་རྐྱེན་དང་བཅོས་ཐབས་བཅས་ཀྱི་ཐོག་འཚོགས་ཡོད་པ་རེད།

འདི་ལོའི་ཚོགས་ཆེན་ཐེངས་གསུམ་པ་དེ་སེམས་ཁམས་འཁྲུག་པའི་རྐྱེན་དང་དེ་བཅོས་ཐབས་ཀྱི་བརྗོད་གཞིའི་ཐོག་ཉིན་གསུམ་རིང་བགྲོ་གླེང་བྱ་རྒྱུ་ཡིན་པ་རེད།

དགེ་བཤེས་བསྟན་པ་བཀྲ་ཤིས་ཀྱིས་བོད་བརྒྱུད་ནང་བསྟན་ནས་གསུངས་པའི་སེམས་ཁམས་ཕྲ་རགས་ཀྱི་རྣམ་གཞག་དེ་ཉིད་ལས་ལྷག་པའི། སེམས་ཁམས་རིག་པའི་རྣམ་གཞག་ཅིག་རིག་གཞུང་གང་དུའང་མཐོང་མ་བྱུང་ཞེས་འགྲེལ་བརྗོད་གནང་སོང།

དེ་རྗེས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གཏམ་བཤད་གནང་དོན་ལ། རང་ཉིད་ཆུང་བྱིས་པའི་དུས་དང་མཐོ་སློབ་ཀྱི་དུས། ཚོང་བརྒྱབ་པའི་དུས། སྤྱི་འཐུས་དཀྱུས་མ་ཞིག་དང་ད་ལྟའི་ཆར་སྤྱི་འཐུས་ཚོགས་གཙོ་བྱེད་བཞིན་པའི་དུས་རིམ་ཁྲོད་ཀྱི་ཉམས་མྱོང་ལ་གཞིགས་ན། མཚམས་རེ་སེམས་ཁམས་འཁྲུག་པ་བྱུང་ཡོད་པ་དང་དེ་དག་ལ་བསམ་བློའི་འཁྱེར་སོར་འགྱུར་བ་བཏང་སྟེ། ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་དང་། སེམས་ཁམས་འཕྲོད་བསྟེན་གལ་ཆེན་ཡིན་པས། ཚོགས་ཆེན་དེ་གོ་སྒྲིག་གནང་མཁན་དང་གཏམ་བཤད་བ་རྣམས། དེ་བཞིན་འཛུལ་ཞུགས་པ་རྣམ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་སོང།

ཚོགས་ཆེན་དེར་གཏམ་བཤད་བྱེད་མཁན་བྱ་དོ་རིན་པོ་ཆེ་དང་དོལ་པོ་རིན་པོ་ཆེ། འབུམ་རམས་པ་སོནི་ཝིངྷན། ཋེརི་ཨིགྷན། སྨན་རམས་པ་གནས་ཤར་རྡོ་རྗེ་རབ་བརྟན། སྨན་རམས་པ་བསོད་ནམས་ལྷ་མོ། སྨན་རྩིས་པ་ཨེ་པ་བསོད་ནམས་རིན་ཆེན་དང་རྩིས་རམས་པ་བསོད་ནམས་དཔལ་མོ་བཅས་རེད་འདུག།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༢༦ ཀློག་གྲངས།