གནད་དོན་གཞན་ཞིག་གི་ཆེད་ཡིན་སྲིད།

གནད་དོན་འདི་རྒྱ་ནག་གཞུང་གི་སྙིང་ལ་ཕོག་དགོས་པ་ཞིག་ཡིན་མིན་གང་ལྟར་ཡང་རང་ཉིད་ཀྱི་སེམས་ནང་དུ་རང་ཉིད་ཀྱི་ན་ཟུག་ཆེན་པོ་ཞིག་བཞག་པ་ལྟ་བུ་རེད། ཕྱིར་ཨ་རུ་ན་ཅལ་ཁུལ་གྱི་ས་ཁུལ་དེ་དག་རྒྱ་ནག་ལ་གལ་ཆེན་པོ་དེ་ཙམ་ཞིག་ཡིན་མིན་ཇི་ལྟར་ཡང༌། གཙོ་ཆེ་ཤོས་རྒྱ་གར་གཞུང་ལ་དེང་དུས་པེ་ཅིང་གཞུང་གིས་ཕྱོགས་མང་པོ་ནས་སུན་བཙེར་བཟོ་རྒྱུའི་འཆར་གཞི་ཡོད་པ་དང༌། ཉེ་བའི་ལོ་ཤས་ནས་རྒྱ་གར་གཞུང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་སུ་འཛུལ་ཞུགས་བྱ་རྒྱུའི་ཐབས་ཤེས་གང་མང་བྱས་ཀྱང་པེ་ཅིང་གཞུང་གིས་ཐབས་ཤེས་གང་ཡོད་ཀྱིས་འགོག་རྐྱེན་བཟོས་ཡོད། ད་དུང་རྒྱ་གར་དང་པ་ཀི་སི་ཐན་གྱི་རྩོད་རྙོག་ཐད་ནས་ཀྱང་པེ་ཅིང་གཞུང་གིས་དུས་རྒྱུན་པ་ཀི་སི་ཐན་ལ་གོ་མཚོན་སོགས་ཀྱིས་རོགས་སྐྱོར་བྱེད་བཞིན་པ་དང༌། འདི་ལྟར་བྱེད་དགོས་དོན་ནི་ཕྱོགས་གཅིག་ནས་ཨེ་ཤ་ཡའི་ནང་རྒྱ་དཀར་ནག་གཉིས་སྟོབས་ཆེ་ཤོས་ཡིན་ཞིང༌། འཛམ་གླིང་ཧྲིལ་པོ་འདིའི་ནང་ནས་མི་འབོར་ཆེས་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ཀྱང་ཡིན། དེ་བཞིན་ད་ལྟའི་ཆར་ཡར་རྒྱས་སུ་འགྲོ་བཞིན་པའང་རྒྱ་དཀར་ནག་གཉིས་ཀྱི་གནས་སྟངས་གཅིག་མཚུངས་ལྟ་བུར་གྱུར་ཡོད་པས། པེ་ཅིང་གཞུང་གིས་རྒྱ་གར་ལ་འགྲན་རྩོད་དང་འཁོན་སེམས་ཆེན་པོ་ཡོད་བཞིན་པ་རེད། ཨ་རུ་ན་ཅལ་དེ་པེ་ཅིང་གཞུང་གིས་ཁ་ཞེ་གཉིས་མེད་ཀྱིས་རྩོད་དགོས་པ་ཞིག་ཡིན་པའི་དབང་དུ་བཏང་ཡང༌། ༧གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་མ་གནང་དང་འབྲེལ་བ་གང་ཡང་མེད་ལ། ཆབ་སྲིད་ཀྱི་ཐོག་ནས་ཀྱང་དེ་ཙམ་གྱིས་དོགས་པ་དང་རྣམ་རྟོག་བྱེད་དགོས་པ་ཞིག་གཏན་ནས་མིན། འོན་ཀྱང་རྒྱ་ནག་གཞུང་གིས་གོ་སྐབས་འདི་ལྟ་བུ་ལེན་འདོད་པ་དེ་རྡུང་རྒྱུ་རྔ་བརྡུང་ཡང་དམིགས་རྒྱུ་འདྲེ་དམིགས་ཞེས་པ་ལྟར་དམིགས་ཡུལ་གཞན་ཞིག་ཡོད་པ་སྨྲོས་མ་དགོས་པ་རེད།
ད་ལྟའི་གནད་དོན་འདི་ལ་པེ་ཅིང་གཞུང་གིས་རྣམ་འགྱུར་འདི་ལྟ་བུ་འཛིན་དགོས་པ་དེ། ཕྱོགས་གཅིག་ནས་ཨེ་ཤ་ཡའི་ཆུ་བོ་ཆེ་ཁག་རྣམས་ཀྱི་མགོ་ཁུངས་བོད་ཡིན་པ་མ་ཟད། རྒྱ་གར་དུ་རྒྱུག་བཞིན་པའི་གཙང་པོ་ཁག་ཅིག་པེ་ཅིང་གཞུང་གིས་རྒྱ་ནག་ཏུ་ཁ་བསྒྱུར་བྱེད་འཆར་སོགས་ལྷོ་ཆུ་བྱང་འདྲེན་གྱི་ལས་གཞི་ཆེན་པོ་ཞིག་འགྲོ་བཞིན་པ་འདིས་རྒྱ་གར་གཞུང་དམངས་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པར་བརྟེན། རྒྱ་གར་གཞུང་གིས་རྙོག་གྲ་བཤད་ངེས་པ་དང༌། ཆེད་མཁས་མི་སྣ་མང་པོ་ཞིག་གིས་མ་འོངས་པར་འཛམ་གླིང་གི་རྒྱལ་ཁབ་ཁག་ཆུའི་ཆེད་དུ་དམག་འཁྲུག་རྒྱག་རྒྱུ་ཡིན་ཚུལ་ཚོད་དཔག་བྱས་ཡོད་པ་བཞིན། རྒྱ་གཞུང་གིས་ད་ལྟ་ནས་བོད་ཁུལ་ནས་འབབ་བཞིན་པའི་གཙང་པོ་ཁག་ཁ་བསྒྱུར་སོགས་ད་ལྟ་ནས་སྒེར་བདག་གི་བསམ་ཚུལ་འཛིན་བཞིན་པས། ཨ་རུ་ན་ཅལ་གྱི་གནད་དོན་འདི་ལྟ་བུའི་ཐོག་ནས་རྒྱ་དཀར་ནག་གི་རྩོད་རྙོག་ཆེན་པོ་དེ་དག་གནས་སྐབས་མི་ཡོང་བའི་ཆེད་རྩོད་རྙོག་ཆུང་ཆུང་ཁག་ཅིག་ཁ་གཡར་ས་ཙམ་བཙལ་བ་ཡིན་ངེས། དེ་བཞིན་པེ་ཅིང་གཞུང་གིས་མ་འོངས་པར་རྒྱ་གར་གཞུང་གིས་༧གོང་ས་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་མཚམས་འཇོག་དང༌། ཨ་རུ་ན་ཅལ་གྱི་གནད་དོན་ལྟ་བུ་ཉོ་ཚོང་རང་བཞིན་ཅན་གྱི་ཆབ་སྲིད་འཁྲབ་སྟོན་གྱི་ལག་ཆར་བེད་སྤྱོད་བྱ་རྒྱུའི་སྲིད་བྱུས་ཀྱང་འཛིན་བཞིན་ཡོད་སྲིད། དཔེར་ན་༢༠༠༣ ལོར་རྒྱ་གར་གྱི་སྲིད་བློན་ཨ་དྷོ་བྷི་ཧ་རིས་ཝ་ཆི་བྷ་ཡེ་མཆོག་རྒྱ་ནག་ཏུ་ཕེབས་ནས་བོད་རང་སྐྱོང་ལྗོངས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་ཀྱི་ཆ་ཤས་རེད་ཅེས་གསུངས་པའི་སྐབས། པེ་ཅིང་གཞུང་གིས་དུས་རྒྱུན་རྒྱ་དམར་གཞུང་གི་ཁོངས་གཏོགས་ཡིན་ཚུལ་ཤོད་བཞིན་པའི་འབྲས་ལྗོངས་ཀྱི་ས་ཁྲ་དེ་བཞིན་རྒྱ་ནག་གི་ས་ཁྲའི་ཁོངས་ནས་བཏོན་དེ་རྒྱ་གར་གྱི་ཁོངས་སུ་བཀོད་པ་ལྟ་བུ་རེད། ད་དུང་རྒྱ་ནག་གཞུང་གིས་མ་འོངས་པར་༧གོང་ས་མཆོག་སྐུ་འཚོ་བཞུགས་མ་བྱུང་བའི་སྐབས་ལྟ་བུ་ལའང་བོད་དོན་ཐག་གཅོད་བྱུང་མེད་ན། གནད་དོན་འདི་དང་ཡང་ཨ་རུ་ན་ཅལ་གྱི་གནད་དོན་དེ་ཉོ་ཚོང་གི་ལག་ཆར་བེད་སྤྱོད་བྱེད་སྲིད་པ་ད་ལྟ་པེ་ཅིང་གཞུང་གི་བྱེད་སྟངས་ཀྱི་ཐོག་ནས་ཤེས་ཐུབ་པ་ཞིག་རེད།།

Share this:
༡༢༦ ཀློག་གྲངས།