བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ལྔ་བཅུ་ང་ལྔ་འཁོར་བའི་དུས་དྲན།

ཟླ་འདིའི་ཚེས་༢༣ ཉིན་བོད་ཕྲུག་ཁྱིམ་སྡེ་དབུས་བརྙེས་ནས་ལོ་ངོ་༥༥ འཁོར་བའི་དུས་དྲན་མཛད་སྒོ་ཞིག་དྷ་སྟེང་བོད་ཁྱིམ་སློབ་གྲྭར་འཚོགས་པ་དང་། སྐུ་མགྲོན་གཙོ་བོ་༧རྒྱལ་དབང་ཀརྨ་པས་“སོ་སོ་སོ་ཤེས་ཡོན་ཡག་པོ་ཅན་ཞིག་དང་ཀུན་སྤྱོད་ཡག་པོ་ཅན་ཞིག་ཆགས་པའི་ཐོག་ནས། སོ་སོའི་ཕ་ཡུལ་ལ་ལོགས་ནས་ལེགས་སྐྱེས་ཕུལ་ཐུབ་པ་ཞིག་དང། བོད་རྒྱལ་ཁབ་འཛུགས་བསྐྲུན་དང་འཛིན་སྐྱོང་བྱེད་ཐུབ་པའི་རེ་བ་ཡོད་རེད་”ཅེས་གསུངས་ཡོད་པ་རེད།

tcv3ཉིན་དེའི་སྔ་དྲོ་དུས་དྲན་མཛད་སྒོ་དབུ་འཛུགས་གནང་བ་དང་། སྐུ་མགྲོན་གཙོ་བོ་༧རྒྱལ་དབང་ཀརྨ་པ་དང། ཁྲིམས་ཞིབ་པ་ཆེན་མོ། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ཕྱོགས་མཐའ་ཁག་ནས་སླེབས་པའི་སྐུ་མགྲོན། བོད་ཁྱིམ་གྱི་ལས་བྱེད་དང་སློབ་ཕྲུག དེ་བཞིན་ས་གནས་མི་མང་བཅས་མཉམ་འཛོམས་བྱས་ཡོད་པ་རེད།

མཛད་སྒོའི་ཐོག་མར་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་རྣམས་རུ་བསྒྲིགས་ནས། རྒྱལ་གཅེས་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མྱ་ངན་གུས་འདུད། བོད་དང་རྒྱ་གར་གྱི་རྒྱལ་གླུ་བཏང་སོང།

བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་ཀྱིས་ཕེབས་གསུའི་གསུང་བཤད་དང་འབྲེལ་ལོ་ངོ་༥༥ ཡི་ལས་བསྡོམས་སྙན་སྒྲོན་གནང་སྐབས། ཕྱི་ལོ་༡༩༦༠ ནས་ཐོག་མར་དྷ་ས་ལ་བཙན་བྱོལ་བོད་མིའི་བུ་བཅོལ་ཁང་དབུ་བཙུགས་ནས་ཕྱི་ལོ་༡༩༧༡ ལོར་བོད་ཕྲུག་ཁྱིམ་སྡེ་ཆགས་པའི་ལོ་རྒྱུས་དང། ཤེས་ཡོན་འཕེལ་རྒྱས་བྱུང་རིམ། མཐོ་སློབ་ཀྱི་སློབ་མ་རྣམས་ཀྱི་སྡོད་ཁང་དང་ཏཱ་ལའི་བླ་མ་མཐོ་སློབ་དབུ་འཛུགས་བྱས་སྐོར། ཕྱི་ལོ་༢༠༠༤ ལོར་རིག་གཅིག་རྐང་འཛིན་མང་པོ་ཡོང་ཆེད་སློབ་མ་སློབ་སྦྱོང་ཡག་ཤོས་ཚོར་བོད་ཁྱིམ་སེ་ལ་ཀུ་ཟུར་འཛུགས་བྱས་སྐོར། ད་བར་སློབ་འཇུག་གི་ཁ་གྲངས། ཕྱི་ལོ་༢༠༡༥ ལོའི་བོད་ཁྱིམ་གྱི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་གྲུབ་འབྲས། དེ་བཞིན་ལོ་འདིའི་བྱུང་སོང་གི་རྩིས་ཁྲའི་སྙན་ཐོ། ༧གོང་ས་མཆོག་དབུས་པའི་མི་སྒེར་ཁག་དང་རྒྱ་གར་གཞུང་མང་། སྦྱིན་བདག་རྣམས། ཚོགས་པ་སོགས་ཀྱི་བཀའ་དྲིན་རྗེས་དྲན་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་གསུངས་སོང།

tcv2དེ་རྗེས་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་གསུང་བཤད་གནང་དོན། བོད་ཕྲུག་ཁྱིམ་སྡེ་འགོ་འཛུགས་བྱས་པ་ནས་ད་བར་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་དང་དེ་ནས་སྐུའི་གཅུང་མོ་རྗེ་བཙུན་པདྨ་དབུས། ལས་བྱེད་མང་པོས་སྐུ་ངལ་འཛེམས་མེད་གནང་སྟེ། ད་བར་ཚགས་ཚུད་པོ་འགྲོ་བཞིན་ཡོད་སྐོར་དང། དེ་བཞིན་ཁོང་གིས་“བོད་ཕྲུག་ཁྱིམ་སྡེའི་གྲུབ་འབྲས་ལ་ངས་བཀའ་ཤག་གི་ཚབ་བྱས་སྟེ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད་”ཅེས་གསུངས་སོང།

ཁོང་གི་མུ་མཐུད་བཀའ་ཤག་རིམ་པས་ཤེས་ཡོན་དེ་གལ་ཆེན་བརྩིས་པས། ད་ལྟའི་ཆར་ཤེས་ཡོན་ཡར་རྒྱས་འགྲོ་བཞིན་ཡོད་པ་མངོན་གསལ་དོད་པོ་ཡོད་པ་དང། རང་ཉིད་ཀྱི་མི་ཚེའི་མདུན་ལམ་དང་གཙོ་བོ་བོད་ཀྱི་འཐབ་རྩོད་ཆེད་ཤེས་ཡོན་དེ་མེད་དུ་མི་རུང་བ་ཡིན་སྐོར་གསུངས་སོང། དེ་བཞིན་ཁོང་གིས་ “དེང་སང་འཛམ་བུ་གླིང་གང་སར་བོད་དེ་ཆུའི་བང་མཛོད་དང་གཏེར་ཁའི་བང་མཛོད། རིག་གཞུང་གི་བང་མཛོད་སོགས་ཡིན་པར་དོ་སྣང་དང་མཐོང་ཆེན་བྱེད་ཀྱི་ཡོད་པ་རེད། སྔར་ང་ཚོས་རང་ཉིད་ཀྱི་རྒྱལ་ཁབ་དེར་དོ་སྣང་སྤྲད་མ་ཐུབ་པར་འཐུས་ཤོར་ཕྱིན་ཏེ། ལུང་པ་གཞན་ལ་ཤོར་བའི་རྒྱུ་མཚན་དེ་རང་རང་སོ་སོ་ལ་དྲི་བ་བཏང་ན། དེ་ནི་ང་ཚོས་ང་མ་གཏོགས་ང་ཚོ་ཞེས་པའི་བསམ་བློ་བཏང་མེད་པས་རེད།”ཅེས་གསུངས་པ་དང། བསམ་བློ་རྒྱ་ཆེན་པོའི་ཐོག་བོད་དོན་དེ་རྒྱལ་སྤྱིའི་སྡིངས་ཆར་སྐྱེལ་ཐུབ་པ་བྱེད་དགོས་པས། དེ་ལྟར་བྱེད་པ་ལ་ཤེས་ཡོན་གལ་ཆེན་ཡིན་སྐོར་སོགས་གསུངས་སོང།

དེ་བཞིན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་བོད་ཕྲུག་ཁྱིམ་སྡེ་དེ་ཉིད་དཀའ་ངལ་དུ་མར་གདོང་ལེན་བྱས་ཏེ་ད་བར་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་ཡོད་པ་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་སྐོར་དང། ད་བར་དེ་ནས་ཐོན་པའི་སློབ་ཕྲུག་གྲང་མང་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་སོགས་སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་ལ་ཞུགས་བཞིན་ཡོད་སྐོར་སོགས་དང། ཁོང་གིས་“མ་འོངས་པར་བོད་ཁྱིམ་སློབ་གྲྭ་འདི་ལྟ་བུ་བོད་མི་གནས་ཡུལ་གཞིས་ཆགས་ཁག་ཏུ་གསར་འཛུགས་སམ་འགའ་ཞིག་གནས་སྤོ་ཐུབ་པ་བྱུང་ཚེ། བོད་མིའི་གཞིས་ཆགས་ཁག་གི་ན་གཞོན་རྣམས་ཁ་ཐོར་དུ་འགྲོ་མི་དགོས་པར། གཞིས་ཆགས་དེ་གའི་བོད་མི་སྤྱི་ཚོགས་ནང་མུ་མཐུད་གནས་ཏེ། ལས་གཞི་འདྲ་མིན་གསར་འཛུགས་དང། དེའི་ཐོག་བོད་མིའི་ཆོས་དང་རིག་གཞུང་བཟང་པོའི་གོམས་གཤིས་དང་བཅས་པ་མི་ཉམས་རྒྱུན་འཛིན་ཐུབ་པ་སོགས་ཡོང་རྒྱུ་མ་ཟད། ད་ཡོད་གཞིས་ཆགས་ཀྱང་སྲ་བརྟན་ངང་རྒྱུན་གནས་ཐུབ་རྒྱུའི་དགེ་མཚན་བཅས་ལ་བརྟེན། དེ་རིང་གོ་སྐབས་འདི་བརྒྱུད། དེ་ལྟར་འབྱུང་ཐབས་འབོད་སྐུལ་ཞུ་རྒྱུ་ཡིན་”ཞེས་གསུངས་སོང།

tcv1ཁོང་གིས་མུ་མཐུད་གསུངས་དོན་ལ། སློབ་ཕྲུག་རྣམས་ཀྱིས་བོད་དོན་དང་བོད་ནང་གི་གཞོན་སྐྱེས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་གི་ཆེད་དུ་སྐུ་སྲོག་བློས་གཏོང་གི་ཡོད་པ་དྲན་ནས། སློབ་སྦྱོང་ལ་བརྩོན་དགོས་པ་དང། བོད་ཕྲུག་ཁྱིམ་སྡེས་ཤེས་ཡོན་སྲིད་བྱུས་གསར་པའི་ལམ་སྟོན་ལ་ཐུགས་སྣང་དང་ལག་བསྟར་དགོས་པ་སོགས་ཀྱི་སྐོར་ལ་གསུངས་སོང།

དེ་ནས་སྐུ་མགྲོན་གཙོ་བོ་༧རྒྱལ་དབང་ཀརྨ་པས་“བོད་པ་ལ་སྐྱོན་གཅིག་ཡོད་རེད། དེ་གང་རེད་ཟེར་ན། སོ་སོ་ད་ལྟའི་གནས་སྟངས་ལ་ཡིད་ཚིམས་ནས་འགྲིག་གི་བསམ་ནས་འགྲོ་བསྡད་པའི་ལུགས་སྲོལ་ཞིག་ཡོད་རེད། དེ་འདྲ་མ་ཡིན་པ་བྱས་ནས་ང་ཚོས་ཡར་རྒྱས་དང་གོང་འཕེལ་གཏོང་བ་དང། དེ་བཞིན་ཁ་ཚབ་ག་རེ་གཏོང་དགོས་པ་ལ་འཐུས་ཤོར་མེད་པའི་ཐོག་ནས་ཡར་རྒྱས་གོང་འཕེལ་དང་འགྱུར་བ་གཏོང་དགོས་པ་གལ་ཆེན་པ་རེད་དྲན་གྱི་ཡོད།”ཅེས་གསུངས་སོང།

དེ་བཞིན་ཁོང་གིས་མུ་མཐུད་ནས་གསུང་དོན་ལ། བོད་མི་ཚོ་བཙན་བྱོལ་ལ་སླེབས་ནས་ཡུན་རིང་སོང་བས། གནས་སྟངས་གང་འདྲ་ཞིག་དང་དགོས་པ་ག་རེའི་ཐོག་ནས་བཙན་བྱོལ་ལ་ཡོང་བ་ཡིན་པ་དང་རང་ཉིད་ལ་འགན་ཁྲི་ག་རེ་ཡོད་པ་དྲན་གསོ་ཡང་ཡང་བྱེད་དགོས་པ་མ་གཏོགས། སྐབས་རེ་དེ་དག་བརྗེད་འགྲོ་ཡི་ཡོད་པ་འདྲ་བོ་འདུག་སྐོར་དང་འབྲེལ་ནས་ཁོང་གིས་“ང་ཚོ་ལ་དམིགས་ཡུལ་ཟེར་ནའང་འདྲ་རེ་བ་ཆེན་པོ་ཞིག་ཡོད་རེད། དེ་ནི་སོ་སོ་སོ་ཤེས་ཡོན་ཡག་པོ་ཅན་ཞིག་དང་ཀུན་སྤྱོད་ཡག་པོ་ཞིག་ཆགས་པའི་ཐོག་ནས། སོ་སོའི་ཕ་ཡུལ་ལ་ལོགས་ནས་ལེགས་སྐྱེས་ཕུལ་ཐུབ་པ་ཞིག་དང། བོད་རྒྱལ་ཁབ་འཛུགས་བསྐྲུན་དང་འཛིན་སྐྱོང་བྱེད་ཐུབ་པའི་རེ་བ་ཡོད་རེད། དེ་འདྲ་ཞིག་ཡོང་བ་ལ་སློབ་སྦྱོང་ཡོད་པ་ཙམ་གྱིས་འགྲིག་ཡི་ཡོད་མ་རེད། སློབ་སྦྱོང་དེ་ཚད་ལྡན་དང་སྤུས་ཀ་ཡོད་པ་ཞིག་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། དེར་བརྟེན་ང་ཚོའི་དམིགས་ཡུལ་དང་འགན་ཁྲི་དེ་གཞན་དང་མི་འདྲ་བར། འགན་ཁྲི་ཆེན་པོ་དང་རླབས་ཆེན་ཞིག་ཡིན་པ་དེ་ང་ཚོའི་གནས་སྟངས་ཀྱི་ཁ་གྲག་ཡོང་གི་ཡོད་རེད། དེར་བརྟེན་ཚང་མས་སྔར་ལ་གནང་ཡོད་རེད་ལ་མ་འོངས་པར་མུ་མཐུད་ནས་སེམས་ཤུགས་མ་ཆག་པར་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན།”ཞེས་གསུངས་སོང།

དེ་རྗེས་སྐུ་མགྲོན་གཙོ་བོས་བོད་ཁྱིམ་ལ་ཞབས་ཞུ་བྱས་ནས་ལོ་ངོ་༢༠ འཁོར་བའི་ལས་བྱེད་ལ་གཟེངས་བསྟོད་དང་རྡ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག་བུ་དང་བུ་མོ་ཡག་ཤོས་བྱ་དགའ་བསྩལ་གསོལ་གྱི་མཛད་རིམ་གྲུབ་རྗེས་། སློབ་ཕྲུག་རྣམས་ཀྱིས་གཞས་སྣ་དང་ལུས་རྩལ་སོགས་འཁྲབ་སྟོན་བྱས་ཏེ་སྔ་དྲོའི་མཛད་སྒོ་མཇུག་བསྒྲིལ་བྱས་སོང།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༥༤༣ ཀློག་གྲངས།