ཨབ་གྷ་ནི་སི་ཐན་དུ་ས་ཡོམ།

ས་ཡོམ་ཤུགས་ཚད་༧.༧ ཅན་ཨེ་ཤེ་ཡའི་རྒྱལ་ཁབ་ཨབ་གྷ་ནི་སི་ཐན་ཧིན་རྡུ་ཀུ་ཤེའི་ས་ཁུལ་ལ་བརྒྱབས་ཡོད་ནའང་། གནས་ཚུལ་ཁ་གསལ་ད་དུང་ཤེས་རྟོགས་བྱུང་མེད་པ་རེད།

11140097_1050825821607953_5910511416356802702_nཟླ་འདིའི་ཕྱི་ཚེས་༢༦ ཉིན་རྒྱབ་ཆུ་ཚོད་༢:༣༠ ཐོག་རྒྱ་གར་གྱི་བྱང་ཕྱོགས་ཀྱི་ས་ཁུལ་ཧི་མ་ཅལ་མངའ་སྡེ་དང་ལྡེ་ར་དུན། ལྡི་ལི། པན་ཇབ། ཧ་རི་ཡ་ན་བཅས་ལ་སྒུལ་ཤུགས་ཆེ་ཙམ་སླེབས་ཡོད་འདུག

བྷི་བྷི་སི་བརྒྱད་ལམ་གྱི་གནས་ཚུལ་སྤེལ་བར་ལྟར་ན། པ་ཀི་སི་ཐན་གྱི་རྒྱལ་སར་སྐར་མ་༢ ཙམ་བསྟུད་མར་ས་འགུལ་བྱུང་ནས་མི་༤ ཙམ་གྱི་སྲོག་ཤོར་ཡོད་པ་དང་། རྒྱ་གར་གྱི་མངའ་སྡེ་འཇའ་མུ་ཀ་ཤི་སྨྲི་ཡི་རྒྱལ་ས་སི་རི་ན་གྷར་ལ་གློག་དང་ཁ་པར་བརྒྱུད་ལམ་ཆད་ཡོད་པ་ཙམ་ལས། ད་ལྟའི་ཆར་ས་ཡོམ་གྱི་གནོད་སྐྱོན་ཚད་གཞིའི་གནས་ཚུལ་གསལ་པོ་ཐོན་མི་འདུག ས་ཡོམ་དེ་རྒྱག་སའི་ལྟེ་བ་ཨབ་གྷ་ནི་སི་ཐན་ཡིན་འདུག ད་ལྟའི་ཆར་པ་ཀི་སི་ཐན་དང་ཨབ་གྷ་ནི་སི་ཐན་གྱི་རྒྱལ་ཁབ་གཉིས་ཀྱི་ནང་ཁྱོན་མི་གྲངས་༢༦༠ རྐྱེན་འདས་དང་། མི་༢༠༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

ཕྱི་ལོ་༢༠༠༥ ལོར་པ་ཀི་སི་ཐན་མངའ་ཁུལ་གྱི་ཀ་ཤི་མིར་ས་ཡོམ་༧.༦ཅན་ཞིག་བརྒྱབས་ནས་མི་༧༥,༠༠༠ལས་མང་བའི་ཚེ་སྲོག་ཤོར་ཡོད་པ་དང། ཕྱི་ལོ་༢༠༡༥་ཟླ་༤ པའི་ནང་བལ་ཡུལ་ས་ཡོམ་ཁྲོད་མི་༩༠༠༠ཡི་ཚེ་སྲོག་ཤོར་ཡོད་པ་དང་མི་༩༠,༠༠༠ཙམ་གྱི་ཁང་པར་གཏོར་སྐྱོན་ཤོར་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༠༤ ཀློག་གྲངས།