ཨོ་བྷ་མ་དང་ཞི་བདེའི་གཟེངས་རྟགས།

གཟེངས་རྟགས་འབུལ་དགོས་པའི་རྒྱུ་མཚན་ཆབ་སྲིད་རྐྱང་པ་ཞིག་གི་ཁེ་དབང་ཆེད་དུ་ཡིན་ཚུལ་རྗོད་མཁན་གྱི་དབྱེ་ཞིབ་པ་འགའ་ཞིག་བྱུང་ཡོད་ཀྱང་གཟེངས་རྟགས་ཚོགས་ཆུང་གི་གསལ་བསྒྲགས་ནང་དུ་ཨོ་བྷ་མས་རྡུལ་མཚོན་མེད་པའི་འཛམ་གླིང་ཞིག་སྐྲུན་རྒྱུར་དཀྱིལ་ཡངས་ཀྱི་དགོངས་བཞེས་དང། འཛམ་གླིང་ཡོངས་རྫོགས་འཆམ་མཐུན་གྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་ཆེན་པོ་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་འབུལ་རྒྱུ་ཡིན་པའི་འགྲེལ་བཤད་བྱས་འདུག ནོ་སྦེལ་ཞི་བདེའི་གཟེངས་རྟགས་ནི་འཛམ་གླིང་འདིའི་སྟེང་གི་བྱས་རྗེས་རླབས་ཆེན་བཞག་པ་དང་འཇོག་བཞིན་པའི་ཞི་བདེའི་སྐྱེས་མཆོག་རྣམས་ལ་འབུལ་རྒྱུའི་ཆེས་སྙན་གྲགས་ཅན་གྱི་གཟེངས་རྟགས་ཤིག་ཡིན་ལ། གཟེངས་རྟགས་འདི་ཐོབ་པའི་སྐྱེས་བུ་ཚོས་འཇིག་རྟེན་འདིའི་སྟེང་དུ་ཕྱོགས་ངོས་གང་རུང་ཞིག་ནས་ཆེས་བསྔགས་འོས་ཀྱི་རླབས་ཆེན་མཛད་པ་བསྐྱངས་ཏེ་མི་རྣམས་ཀྱིས་དགའ་བསུ་དང་ཡི་རངས་ཐོབ་ཡོད་པ་ཐེ་ཚོམ་མེད་པར་བཤད་ཆོག།ཕྱོགས་ངོས་གཞན་ཞིག་ནས་དུས་སྐབས་དེ་དང་དེའི་མི་རྣམས་ཀྱིས་གང་ལ་དད་མོས་དང་ཆེ་མཐོང་བྱེད་ཀྱི་ཡོད་པ་ཡང་གཟེངས་རྟགས་འདི་གང་གི་ཕྱིར་འབུལ་བའི་རྒྱུ་མཚན་གྱི་སྟེང་ནས་དཔོག་ནུས་པ་ཡིན། ཐེངས་འདིའི་ཞི་བདེའི་གཟེངས་རྟགས་ཨོ་བྷ་མར་ཕུལ་བའི་རྒྱུ་མཚན་ནི་རྒྱལ་ཁབ་བྱེ་བྲག་པའམ་མི་རིགས་བྱེ་བྲག་པ་ཙམ་ཞིག་གི་ཆེད་དུ་མ་ཡིན་པར་འཛམ་གླིང་སྤྱི་ཡོངས་ལ་འཚེ་བ་མེད་པ་དང། རྡུལ་ཕྲན་མཚོན་ཆ་མེད་པའི་ཞི་བདེའི་རྒྱལ་ཁབ་ཅིག་སྐྲུན་རྒྱུའི་ཨོ་བྷ་མའི་རྒྱུད་ཀྱི་སྙིང་སྟོབས་དེར་མཐོང་ཆེན་བྱས་ནས་ཕུལ་བ་རེད། རྒྱུ་མཚན་འདི་ལ་བརྟེན་ནས་ང་ཚོས་རྟོགས་ཐུབ་པ་ནི་དུས་རབས་ཉེར་གཅིག་པའི་མི་རྣམས་ཀྱིས་ཕྱིའི་དངོས་པོའི་སྟོབས་ཤུགས་དང་ནུས་པ་ཁོ་ན་མ་ཡིན་པར་ནང་སེམས་ཀྱི་གཞན་གཅེས་དང། ལྷག་བསམ། བྱམས་བརྩེ་སོགས་ལ་གུས་བཀུར་དང་གདེང་འཇོག་ཆེན་པོ་བྱེད་བཞིན་པའི་རྣམ་པ་དག་ཡིན། རྣམ་དཔྱོད་ཀྱི་དཔལ་འབར་བའི་མཐོ་རིམ་སྲོག་ཆགས་ཏེ་མིའི་རིགས་ཀྱི་བསམ་བློ་དང་དགའ་ཕྱོགས་ལ་འདི་ལྟར་འགྱུར་ལྡོག་བྱུང་བ་ནི་དམར་གསོད་དང། བཙན་གནོན། དྲག་སྤྱོད། གཅིག་སྡུད་སོགས་མཇུག་བསྒྲིལ་བའི་སྔ་ལྟས་ཤར་བ་རེད། ཞི་བདེ་དང། འཚེ་མེད། བསམ་ཤེས། གུ་ཡངས། འཆམ་མཐུན་སོགས་ཀྱི་ཚེ་སྲོག་རྒྱས་པའི་རྟེན་འབྲེལ་ཡང་འགྲིགས་པ་རེད། འགྲོས་མྱུར་བའི་འགྱུར་ལྡོག་འདི་དག་གི་ཁྲོད་ནས་བཙན་པོའི་གདུང་རྒྱུད་ཀྱི་སྙན་པ་མཐོ་བའི་གངས་ཅན་པའི་བུ་རྒྱུད་ཚོ་དཔལ་འབྱོར་དང་དམག་ཤུགས་མེད་པས་གཉའ་ཞུམ་མི་དགོས་ཤིང། རྡུལ་མཚོན་དང་གོ་ལག་མེད་པས་ཡིད་མུག་མི་དགོས། འཚེ་བ་མེད་པ་དང། རང་ལས་གཞན་གཅེས། སྤྱི་ཁྱབ་ཀྱི་སེམས་ཁུར། སྤྱི་སྙོམས་ཀྱི་བྱམས་བརྩེ་སོགས་འཇིག་རྟེན་འདིའི་ནོར་མཆོག་ཏུ་བརྩི་ཞིང་ང་ཚོའི་རིག་གཞུང་གི་སྙིང་བཅུད་དུ་གཏམས་པའི་བཟང་སྤྱོད་དག་ལ་གཅེས་སྤྲས་བྱོས་དང། ང་ཚོ་ཆེས་དོག་པའི་འགག་འཕྲེང་ལས་ཐར་ཏེ་དགའ་སྤྲོའི་ལྷན་འཛོམས་ཤིག་མྱུར་དུ་བསུ་ཐུབ་ངེས། འདི་ནི་ཁ་གཡང་སྒྲོག་པའི་སྙན་ངག་ཙམ་མིན་པར་འཛམ་གླིང་སྤྱིའི་འགྱུར་འགྲོས་དང་གནས་སྟངས་གང་མང་ཞིག་ལ་བསམ་ཞིབ་བྱས་པའི་གྲུབ་དོན་ཡིན་ལ། གནས་ཚུལ་དངོས་ལ་ཐག་ཉེ་བའི་རྟོག་དཔྱོད་ཅིག་ཀྱང་ཡིན་ནོ།།

Share this:
༣༠ ཀློག་གྲངས།