༢༠༡༡ ལོའི་གལ་གནད་དང། ད་ལྟའི་ང་ཚོའི་མང་གཙོ།

སྐབས་དེར་བགྲོ་གླེང་གནང་མཁན་གཙོ་བོའི་གྲས་སུ་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོོལ་མ་དང། སྤྱི་འཐུས་ཟླ་བ་ཕུན་སྐྱིད། བཀའ་ཟུར་རིན་ཆེན་མཁའ་འགྲོ། འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང། བོད་གནས་ཉམས་ཞིབ་པ་ཀླུ་མཁར་བྱམས། བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ། བོད་ཀྱི་བང་ཆེན་རྩོམ་སྒྲིག་ལས་རོགས་ཆོས་ཉིད་འོད་ཟེར་བཅས་ཡིན་པ་དང། ཚོགས་ཞུགས་པ་སེར་སྐྱ་མི་མང་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་བྱུང་སོང།
བགྲོ་གླེང་གོ་སྒྲིག་བྱེད་དོན་སྐོར་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་གིས་གསུང་དོན། དེ་རིང་ནས་བརྩིས་པའི་བཀའ་ཁྲི་དང་སྤྱི་འཐུས་འོས་འདེམས་བྱེད་པའི་དུས་ཚོད་དེ་ལོ་གཅིག་ཙམ་ལས་མེད་པས། དེའི་སྔོན་ལ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་སྤྱི་འཐུས་དང། བཀའ་ཁྲིིའི་འོས་དམིགས་བཏོན་པ་དེ་འདྲའི་ལས་ཀ་བྱས་ཡོད་རེད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་སྲིད་དོན་ཚོགས་པ་ཞིག་ཡིན་པའི་ངོས་ནས་མི་མང་ནང་དུ་སྲིད་དོན་ཚོགས་པ་རང་གི་ལས་ཀ་བྱེད་དགོས་ཀྱི་འདུག་ཅེས་བསམ་ཚུལ་ཡོང་གི་ཡོད་རེད། ཚོགས་པའི་ངོས་ནས་ཀྱང་དེ་འདྲའི་ངོ་བོ་ལ་བསྒྱུར་བའི་ཐབས་ཤེས་བྱེད་ཀྱི་ཡོད་རེད། ད་ལྟ་བར་དུ་སྲིད་དོན་ཚོགས་པ་ཞིག་གི་ལམ་ལུགས་མེད་དུས་བོད་གཞུང་གི་ངོས་ནས་སྲིད་དོན་ཚོགས་པ་ཞིག་གི་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་མ་རེད། ཡིན་ནའང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འབྱུང་འགྱུར་བོད་མི་མང་སྤྱི་འཐུས་ཀྱི་འོས་དམིགས་དང། དམིགས་བསལ་བཀའ་བློན་ཁྲི་པའི་འོས་དམིགས་འདོན་སྐབས། དེ་སྔོན་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་དམིགས་འདོན་སྟངས་ལྟར། སྤྱི་ཚོགས་ལ་ཕན་ཐོགས་ས་རེད་བསམ་ནས་གང་ཟག་སྒེར་ལ་བཀའ་འདྲི་མ་ཞུས་པར་བཏོན་པ་དེ་འདྲ་འདུག མ་འོངས་པར་མང་གཙོ་ཚོགས་པའི་ངོས་ནས་འོས་མིའི་ནང་དུ་འཛུལ་ཞུགས་བྱེད་རྒྱུ་ཡིན་མིན། གང་ཟག་སྒེར་ལ་ཆོག་མཆན་ཞུས་ནས་མོས་མཐུན་བྱུང་བ་རྣམས་ཀྱི་མིང་གཞུང་བཀྲམ་ནས་དྲིལ་བསྒྲགས་བྱེད་རྒྱུ་ཡིན་ཞེས་གསུངས་སོང།droling123
འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་གིས་གསུང་དོན། སྤྱིར་བཏང་ང་འདིར་ཡོང་བ་ནི་གཞུང་འབྲེལ་གྱི་ངོས་ནས་ཡོང་བ་མ་རེད། དེ་རིང་འདིར་སྤྱིར་བཏང་རྒན་གཞོན་གཉིས་ཀྱི་ནང་ནས་གཞོན་པ་མང་པོ་ཕེབས་འདུག དོ་སྣང་གནང་བ་དེ་ཡག་པོ་རེད། མང་གཙོའི་སྤྱི་ཚོགས་ནང་དུ་གལ་ཤོས་དེ་གཏམ་བརྗོད་ཀྱི་རང་དབང་ཟེར་བ་དེ་རེད། ང་ཚོ་རང་དབང་ཆ་ཚང་ཡོད་རེད། བཀའ་བློན་ཁྲི་པས་དབུས་པའི་མང་ཚོགས་ཀྱི་ནང་དུ་ག་རེ་བཤད་པ་ཡིན་ཡང་བཤད་ཆོག་གི་རེད། རྒྱ་མི་ནང་བཞིན་ལམ་སང་འཛིན་བཟུང་བྱས་ནས་ཕར་འཁྲིད་འགྲོ་མཁན་དེ་འདྲ་གང་ཡང་ཡོད་མ་རེད། གལ་གནད་ཆེ་ཤོས་དེ་འོས་འཕེན་རྒྱུ་དེ་རེད། རྣམ་པ་ཚོས་བཅའ་ཁྲིམས་དང། འོས་བསྡུའི་སྒྲིག་གཞིར་གཟིགས་ཡོད་ཀྱི་རེད། དེ་ལ་ཆ་རྐྱེན་མང་པོ་ཚང་དགོས་ཀྱི་རེད། རང་ལོ་༡༨ ཡན་ཆད་དགོས་པ་རེད། དང་བླངས་དཔྱ་ཁྲལ་ཕུལ་བའི་ལག་དེབ་དེ་ཁྱེར་ནས་འོས་བསྡུའི་མིང་གཞུང་ཐོ་འགོད་བྱེད་དགོས་ཀྱི་ཡོད་རེད་ཅེས་གསུངས་སོང།
སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མས་གསུང་དོན། དང་པོ། མང་གཙོའི་རྒྱལ་ཁབ་གཞན་ལས་ང་ཚོ་ལ་འགན་ཁུར་དང་དབང་ཆ་ཆེ་བ་ཡོད་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ཁྲིམས་བཟོ་ལྷན་ཚོགས་དེ་བཅའ་ཁྲིམས་ཀྱི་དགོངས་དོན་དང། འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ལྟར་མི་མང་རང་གིས་འོས་བླུགས་ནས་འདེམས་རྒྱུ་ཡོད་པ་ཞིག་རེད། དེ་བཞིན་༢༠༠༡ ནས་འཛིན་སྐྱོང་གི་དབང་ཆ་ཆེ་ཤོས་ཡོད་མཁན་བཀའ་བློན་ཁྲི་པ་དེའང་མི་མང་རང་གིས་འོས་བླུགས་པའི་གོ་སྐབས་སམ་འགན་འཁྲི་ཡོད་པ་ཞིག་རེད། རྒྱལ་ཁབ་གཞན་ལ་ཆབ་སྲིད་ཚོགས་པ་མེད་པའི་མང་གཙོའི་གཞུང་འཛིན་པ་ཕལ་ཆེར་མཐོང་རྒྱུ་མེད་པ་ལྟ་བུ་རེད། སྤྱིར་བཏང་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་ཆབ་སྲིད་ཚོགས་པ་ལྟ་བུ་རེད་དེ། ད་ལྟའི་ཆར་འོས་བསྡུའི་ལས་རིམ་ནང་དུ་ཆབ་སྲིད་ཚོགས་པ་ཡོད་པའི་རྣམ་པའི་ཐོག་ནས་འགྲོ་ཡི་ཡོད་མ་རེད། ཆབ་སྲིད་ཚོགས་པ་ཡོད་པ་ཡིན་ན། འོས་མི་སུ་ལ་བླུགས་མིན་ཆབ་སྲིད་ཚོགས་པས་ཐག་གཅོད་བྱེད་ཀྱི་རེད། ང་ཚོ་ལ་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་གཉིས་བྱས་ནས་གཉིས་ཀ་མི་མང་གིས་འདེམས་ཆོག་གི་ཡོད་པ་རེད། གཉིས་པ། ང་ཚོའི་མང་གཙོ་དེ་ཤ་ཁྲག་གི་འགྲོ་སོང་བཏང་ནས་རག་པ་ཞིག་མིན་པར་༸གོང་ས་མཆོག་གིས་མར་གནང་བ་ཞིག་རེད། གསུམ་པ། མང་གཙོའི་རྒྱལ་ཁབ་གཞན་དག་སོ་སོའི་རང་དབང་ལུང་པ་ལ་གནས་ཡོད་རེད། ང་ཚོ་བཙན་བྱོལ་ལ་གནས་ཡོད་སྟབས་བོད་ཕྱི་ནང་གཉིས་ཀྱི་ཚབ་བྱས་ནས་ནུས་པ་ཐོན་ཐུབ་པ་བྱེད་རྒྱུ་སོགས་ང་ཚོ་ལ་དམིགས་བསལ་དབང་ཆ་དང་འགན་འཁུར་ཡོད་པ་རེད་ཅེས་གསུངས་སོང།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་གསུང་དོན། ༢༠༡༡ ལོའི་བཀའ་སྤྱིའི་འོས་བསྡུའི་སྐབས་སུ་སོ་སོ་རང་གིས་ཐག་གཅོད་ཀྱིས་ཆོལ་ཁ་ཆོས་ལུགས་མེད་པ། ངོ་དགའ་ཕྱོགས་ཞེན་མེད་པ། དགའ་མིན་དགའ་མདོག་མེད་པའི་ཐོག་ནས་འོས་མིའི་ནང་དུ་བོད་མི་ས་ཡ་དྲུག་གི་དོན་དུ་སུའི་ཕྱག་ལས་གནང་ཐུབ་ས་རེད་དེ་ཐུགས་ལ་བཞག་ནས་འོས་འདེམས་བྱེད་དགོས་རྒྱུ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད།
བཀའ་ཟུར་རིན་ཆེན་མཁའ་འགྲོས་གསུང་དོན། རང་ཉིད་ལ་ཆ་བཞག་ན་མང་གཙོའི་ལམ་ལུགས་ནང་དུ་འཚར་ལོངས་བྱུང་བ་དང། འཛམ་གླིང་དུ་ལམ་ལུགས་ཚང་མའི་ནང་དུ་མང་གཙོ་དེ་ཡག་ཤོས་རེད་བསམ་མཁན་གྱི་མི་ཞིག་ཡིན། ང་ཚོ་བཙན་བྱོལ་ནང་དུ་མང་གཙོའི་ལམ་སྲོལ་ཡིན་པ་དེར་སྤོབས་པ་བྱས་ནས་སྐད་ཆ་བཤད་ཆོག་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། ང་ཚོའི་ལམ་ལུགས་དེ་ཡག་པོ་ཆགས་མ་ཆགས་དང། ལམ་ག་འདྲ་ཞིག་ལ་ཕེབས་མ་ཕེབས་ཟེར་བ་མི་མང་ཚོ་ལ་རག་ལས་པ་རེད། ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་ཕེབས་སྟངས་སོགས་ག་འདྲ་དགོས་མིན་མི་མང་གིས་བསམ་བློ་གཏོང་དགོས་ཀྱི་འདུག་མ་གཏོགས། རྟག་པར་སྒང་ནས་མར་བཀའ་གནང་རྒྱུ་བསྒུག་བསྡད་པ་ཡིན་ན་འགྲིག་གི་མ་རེད་བསམ་གྱི་འདུག་ཅེས་གསུངས་སོང།
སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་གསུང་དོན། ཕྱི་ལོ་༢༠༡༡ ལོའི་འོས་བསྡུའི་ས་བོན་ལྟ་བུ་༢༠༡༠ ལོའི་ལོ་མཇུག་ནས་འདེམས་དགོས་ཀྱི་ཡོད་པས། ༢༠༡༡ ལོའི་དངོས་གཞིའི་འོས་གཞིའི་སྐབས་ལ་བསམ་བློ་འཕར་མ་གཏོང་བའི་གོ་སྐབས་རག་གི་མ་རེད་ཅེས་དང། དེང་སང་སྤྱི་ཚོགས་ནང་ཨ་མི་རི་ཁའི་ཨོ་བྷ་མ་ལྟ་བུའི་བཀའ་བློན་ཁྲི་པ་གཞོན་སྐྱེས་ཤིག་དགོས་པའི་གླེང་སློང་ཤུགས་ཆེན་ཡོང་གི་ཡོད་རེད། གསུང་ཆོག་གི་རེད་དེ་ང་རང་ཚོའི་བཙན་བྱོལ་གྱི་ཛ་དྲག་གི་གནས་བབས་ལ་གཞིགས་ནས་དེ་ལ་གང་ཟག་ག་འདྲ་ཞིག་དགོས་པ་འདུག་ལྟ་རྒྱུ་གལ་ཆེན་པོ་རེད། ག་འདྲ་ཞིག་གིས་བོད་སྤྱི་པའི་ཞབས་འདེགས་ཞུ་ཐུབ་ས་རེད། དེ་གལ་ཆེན་པོ་རེད་མ་གཏོགས། དེང་སང་གི་ལྷག་པ་རྒྱབ་ཕྱོགས་དང་འགྲོ་ལུགས་ལྟ་བུར་ཕྱིན་པ་ཡིན་ན། ང་ཚོའི་གནས་བབས་དེ་ཁག་པོ་རེད་དྲན་གྱི་འདུག་ཅེས་གསུངས་སོང།
བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་གྱིས་གསུང་དོན། ཚང་མས་མཁྱེན་གསལ་བཞིན་༢༠༡༡ ལོར་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་སླེབས་ཀྱི་རེད། དེ་བཞིན་མང་གཙོའི་འཕེལ་རིམ་གྱི་ཐད་ནས་༢༠༡༡ ལོ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། ༡༩༩༡ ལོར་བཅའ་ཁྲིམས་སྐྱར་བཅོས་བྱས་ནས་༢༠༠༡ བར་དང་དེ་ནས་༢༠༡༡ བར་དེ་མང་གཙོའི་འཕེལ་རིམ་གྱི་ཐད་ནས་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། ༢༠༡༡ ཙམ་མིན་པར་༢༠༡༥ དང་༢༠༢༡ བར་དུ་བཀའ་བློན་ཁྲི་པ་ཐེངས་གཉིས་བཞུགས་ཆོག་གི་ཡོད་སྟབས། དེའི་བར་དུ་མིག་རྒྱང་རིང་པོའི་བསམ་བློ་ད་ལྟ་ནས་འཁོར་ཐུབ་པ་དགོས་ཀྱི་རེད། ད་ལྟའི་ཆར་ཚང་མས་འོས་སུ་ལ་བླུགས་དགོས་ཀྱི་འདུག་བསམ་ནས་མི་ཞིག་འཚོལ་གྱི་ཡོད་པ་ལྟ་བུ་མཐོང་གི་འདུག ངས་བལྟས་ན་དང་པོ་མི་དེ་ལ་འགན་ག་རེ་ཡོད་པ་དང། ལས་ཀ་ག་རེ་ཡོད་པ་དེ་འཚོལ་དགོས་ཀྱི་འདུག མང་གཙོའི་ཐད་ནས་༸སྐྱབས་མགོན་རིན་པོ་ཆེས་གནང་བ་ཞིག་རེད་ཅེས་བཤད་ཀྱི་ཡོད་རེད་དེ། ང་ཚོས་ལྟ་གྲུབ་ལྟ་བུ་ཞིག་གི་སྒང་ནས་མ་གཏོགས་ལག་ལེན་རང་གི་ཐོག་ནས་གཞན་དང་བསྡུར་ན་ཚད་མཐོན་པོ་སླེབས་ཀྱི་མེད་པ་རེད། ནམ་ཞིག་༸སྐྱབས་མགོན་རིན་པོ་ཆེ་མེད་པའི་སྐབས་ལ་ལག་བསྟར་བྱེད་ཐུབ་མིན་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང།
ཉམས་ཞིབ་པ་ཀླུ་མཁར་བྱམས་ཀྱིས་གསུང་དོན། འདས་པའི་ལོ་རྒྱུས་ཀྱི་འོས་བསྡུའི་ཁྲོད་དུ་ནོར་འཁྲུལ་ག་རེ་བྱུང་ཡོད་རེད། ངོ་ལྐོག་རྒྱབ་མདུན་གྱི་ལས་ཀ་ག་རེ་བྱས་ཡོད་རེད། ད་ལྟ་ཆབ་སྲིད་པ་དེ་ཚོ་ལ་ག་རེ་བྱེད་པའི་འཆར་གཞི་ཡོད་རེད། དེ་ཚོའི་གྲས་དེ་ང་ཚོས་ཧ་གོ་དགོས་པ་ཞིག་རེད་བསམ་གྱི་འདུག ད་ལྟའི་ལམ་ལུགས་དང་སྒྲོམ་གཞི་གཞི་ལ་བཞག་ནས་འོས་བསྡུ་བྱས་ན་ག་འདྲ་ཡོང་ས་རེད། གལ་སྲིད་སྒྲོམ་གཞི་ཁོ་རང་འགྱུར་བ་གཏོང་བའི་བློ་ཁོག་དང་ལམ་ཁ་ཞིག་ཡོད་རེད་དམ་མ་རེད། དེ་བསམ་བློ་གཏོང་སའི་ལམ་ཁ་ཞིག་རེད། བཙན་བྱོལ་བོད་གཞུང་གི་རྩ་བའི་དམིགས་ཡུལ་བོད་ཀྱི་བདེན་མཐའ་གསལ་རྒྱུ་དེ་རེད། དེར་བརྟེན་རྩ་བའི་དམིགས་ཡུལ་བརྒྱ་ཆ་བརྒྱ་བོད་ལ་ཕྱོགས་དགོས་ཀྱི་རེད་མ་གཏོགས། བཀའ་བློན་ཁྲི་པ་དང་སྤྱི་འཐུས་མང་ཆེ་ཤོས་ཤིག་གིས་བཙན་བྱོལ་ནང་གི་མི་འབུམ་གཅིག་གཉིས་ཀྱི་ལྟོ་གོས་གཅིག་པུ་ལ་དོ་སྣང་བྱས་ན་འགྲིག་གི་མ་རེད་བསམ་གྱི་འདུག དེ་ཡིན་ན་བོད་མི་ས་ཡ་དྲུག་གི་མིང་འཁྱེར་མ་འཁྱེར་ཡོད་མ་རེད་ཅེས་གསུངས་སོང།
droling1234བོད་ཀྱི་བང་ཆེན་ལག་བསྟར་རྩོམ་སྒྲིག་པ་ཆོས་ཉིད་འོད་ཟེར་གྱིས་གསུང་དོན། སྤྱིར་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ལ་མཚོན་ན་གལ་གནད་མི་ཆེ་བའི་དུས་ཚོད་ཅིག་ཡོད་མ་རེད་དེ། ༢༠༡༡ ལོར་བཀའ་ཁྲི་དང། སྤྱི་འཐུས་འོས་འདེམས་བྱེད་དགོས་ཀྱི་ཡོད་རེད། བཀའ་བློན་ཁྲི་པ་དེ་སེར་མོ་བ་དགོས་པ་རེད་ཟེར་བ་དང། མི་སྐྱ་དགོས་པ་རེད་ཟེར་བ་དང། བུད་མེད་དགོས་པ་རེད་ཟེར་བ་སོགས་བཤད་སྟངས་སྣ་ཚོགས་ཤིག་རེད། ཡིན་ནའང་བཙན་བྱོལ་གཞུང་གི་རྩ་བའི་སྲིད་བྱུས་དེ་བདེན་པ་དང་འཚེ་བ་མེད་པ་དང། ཡང་དག་པའི་མང་གཙོ་ཡིན་ཞེས་བརྗོད་ཀྱི་ཡོད་པས། དེའི་འོག་ཏུ་ལས་ཀ་བྱེད་པ་ལ་སྐྱ་སེར་དང། ཕོ་མོ་དབྱེ་བ་ཡོད་མ་རེད་བསམ་གྱི་འདུག སྐབས་རེ་ང་ཚོས་མཁས་པ་ཆེན་པོ་ཞིག་འཚོལ་གྱི་ཡོད་པ་ལྟ་བུ་མཐོང་གི་འདུག མཁས་དབང་ཆེན་པོ་ཞིག་རྙེད་ཀྱི་ཡོད་མེད་ལ་མ་ལྟོས་པར་ངེས་པར་དུ་ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང། བཙན་བྱོལ་བོད་གཞུང་གི་རྒྱ་ནག་ལ་འབྲེལ་བ་བྱེད་ཕྱོགས། བཙན་བྱོལ་བོད་གཞུང་གི་གནས་བབས་དེ་ཚོའི་སྒང་ལ་རྒྱུས་མངའ་ཡོད་མཁན་ང་ཚོའི་སྤྱི་ཚོགས་ནང་གི་དྲགས་ཤོས་དེ་སླེབས་ཐུབ་པར་འབད་བརྩོན་བྱེད་དགོས་ཀྱི་རེད་བསམ་གྱི་འདུག སྔོན་མའི་ལས་ཀ་བྱེད་སྟངས་རྣམས་འགྲིག་ཡོད་ན། དེའི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་མཁན་ཞིག་དང། དེ་འགྲིག་གི་མེད་ན་དེ་ལས་ལྡོག་པའི་མི་ཞིག་ངེས་པར་དུ་འཚོལ་ཐབས་དགོས་ཀྱི་རེད་ཅེས་དང། ཡང་འོས་བསྡུའི་སྐབས་སོ་སོ་ས་གནས་གང་སོང་ནའང་དཔྱ་ཁྲལ་ལག་དེབ་འཁྱེར་དགོས་པའི་གལ་གནད་སྐོར་སོགས་གསུངས་སོང།
མཐར་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་གིས་གསུང་དོན། གཅིག་ནས་༸སྐྱབས་མགོན་རིན་པོ་ཆེ་དགུང་ལོ་མཐོན་པོ་ལ་ཕེབས་ཀྱི་ཡོད་སྟབས་ཚང་མ་ལ་སེམས་ཁྲལ་ཡོད་པ་དང། གཉིས་ནས་བཀའ་ཁྲི་དེ་གསར་པ་ཞིག་འདེམས་དགོས་ཀྱི་ཡོད་སྟབས་ལོ་མང་པོའི་སྔོན་འགོ་ཁྲིད་ཡག་པོ་ཡོང་བའི་ལམ་ཁ་སྐྲུན་མ་ཐུབ་པའི་རྐྱེན་གྱིས་དམིགས་བསལ་ཚོགས་ཆེན་སྐབས་ལ་༸སྐྱབས་མགོན་རིན་པོ་ཆེས་ལོ་སུམ་ཅུ་ཙམ་ལ་འཐུས་ཤོར་ཕྱིན་འདུག་ཅེས་གསལ་པོ་གསུངས་སོང། འཐུས་ཤོར་དེ་ཕྱོགས་གང་ས་ནས་རེད་བསམ་གྱི་འདུག བཙན་བྱོལ་སྤྱི་ཚོགས་ནང་དུ་འགོ་ཁྲིད་ཡང་དག་པ་མང་པོ་སྐྲུན་མ་ཐུབ་པའི་རྐྱེན་གྱིས་འཐུས་ཤོར་ཆེ་ཤོས་དེ་རེད་བསམ་གྱི་འདུག དེར་བརྟེན་༢༠༡༡ ལོའི་བཀའ་ཁྲི་དེ་སུ་འདེམས་དགོས་མིན་ཐད་ལ་སེམས་འཚབ་ཡོང་གི་ཡོད་རེད། དེ་གལ་གནད་ཅིག་རེད། ད་ལྟ་བར་དུ་སྤྱི་འཐུས་བཞི་བཅུ་ཞེ་གསུམ་ཡོད་པའི་ལམ་ལུགས་དེས་སྣེ་ཁྲིད་པ་རེད། འགྲིག་ཡོད་མེད་མི་ཤེས་ཏེ་གང་ལྟར་ད་ལྟ་བར་དུ་སྣེ་ཁྲིད་པ་རེད། མ་འོངས་པར་དེ་བཞིན་སྣེ་འཁྲིད་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན། མང་གཙོའི་རྒྱལ་ཁབ་གཞན་དག་བཞིན་ཡོང་གི་མ་རེད། ང་ཚོ་མིའི་ལུང་པ་ལ་ཡོད་རེད། འོན་ཀྱང་མང་གཙོའི་ལམ་ལུགས་ཀྱི་ནང་དུ་ཡར་རྒྱས་གཏོང་དགོས་པ་མང་པོ་མཐོང་གི་འདུག  དང་པོ་མང་གཙོའི་ལམ་ལུགས་དེ་༸སྐྱབས་མགོན་རིན་པོ་ཆེས་གནང་བ་རེད། དེའི་རྗེས་འགྱུར་བ་ཆེན་པོ་བཞི་ལྔ་ཙམ་བྱུང་བ་ཚང་མ་༸སྐྱབས་མགོན་རིན་པོ་ཆེས་གནང་བ་རེད། ང་ཚོ་མང་གཙོའི་སྤྱི་ཚོགས་གནང་ལ་གནས་ནས་ང་ཚོའི་ངོས་ནས་ག་རེ་བྱེད་རྒྱུ་འདུག དེ་ང་ཚོས་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། ད་ལྟའི་མང་གཙོའི་སྒྲོམ་གཞི་དེ་འགྱུར་བ་གཏོང་རན་འདུག ད་ལྟའི་སྒྲོམ་གཞི་འདིའི་ཐོག་ལ་འགྱུར་བ་གཏོང་དགོས་པ་ག་རེ་འདུག་ཟེར་ན། གྲོས་ཚོགས་གོང་འོག་གཉིས་དགོས་ཀྱི་འདུག ༸སྐྱབས་མགོན་རིན་པོ་ཆེ་མ་བཞུགས་པའི་སྐབས་སུ་སྒྲོམ་གཞི་ཡག་པོ་གནས་པའི་རེ་བ་ཡོད་རེད་ཅེས་སོགས་གསུངས་སོང།
དེ་རྗེས་གཏམ་བཤད་པ་ནང་ཁུལ་དུ་བགྲོ་གླེང་དང་དེ་རྗེས་མི་མང་ཁྲོད་ནས་བསམ་ཚུལ་དང། དྲི་བ་འདོན་པ་སོགས་སྤྱིར་བགྲོ་གླེང་དེ་འཁྲུག་ཆ་དོད་པོ་བྱུང་སོང།།

Share this:
༤༣ ཀློག་གྲངས།