ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གསུམ་གྱི་འབྲེལ་ལམ་བསྐྱར་གསོ།

ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་ཉི་ཧོང་དང་རྒྱ་ནག ལྷོ་ཀོ་རི་ཡ་གསུམ་པོས་ལོ་གསུམ་དང་ཕྱེད་ཀའི་ནང་ཐེངས་དང་པོའི་ཚོགས་འདུའི་མཇུག་འབྲས་སུ། ཕན་ཚུན་གྱི་འབྲེལ་ལམ་བསྐྱར་གསོ་བྱས་ཡོད་པར་འགྲེལ་བརྗོད་བྱས་འདུག

1218015ཟླ་འདིའི་ཚེས་༡ ཉིན་ལྷོ་ཀོ་རི་ཡའི་རྒྱལ་ས་རུ་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་དང་ཉི་ཧོང་གི་སྲོད་བློན་ཤིན་ཛུ་ཨ་བྷེ། ལྷོ་ཀོ་རི་ཡའི་སྲིད་འཛིན་པག་གྷེའུ་ཧེས་གསུམ་པོས་ཕན་ཚུན་གྱི་ཚོང་འབྲེལ་དང་བདེ་འཇགས་ཀྱི་འབྲེལ་ལམ་ཆེད། ཕྱི་ལོ་༢༠༡༢ ལོ་ནས་མཚམས་བཞག་པའི་རྒྱལ་ཁབ་གསུམ་པོའི་དབར་གྱི་རྒྱུན་ལྡན་ཚོགས་འདུ་དེ་བསྐྱར་གསོ་བྱེད་རྒྱུར་མོས་མཐུན་བྱུང་བའི་བསྒྲགས་གཏམ་སྤེལ་འདུག

འགོ་ཁྲིད་སུམ་འཛོམས་ཀྱི་གསར་འགོད་ལྷན་ཚོགས་སྐབས་སུ། ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་“ཆེས་མཐོའི་ཚོགས་འདུ་དེས་རྒྱལ་ཁབ་གསུམ་གྱི་བར་ལ་མཉམ་སྦྲེལ་སླར་གསོ་བྱེད་ཐུབ་པ་བྱུང་བས། ནུབ་ཤར་ཨེ་ཤེ་ཡའི་ས་ཁུལ་ལ་ཞི་བདེ་དང་ཡར་རྒྱས་ཡོང་བར་ཕན་ཐོགས་ཡོད་པས་དེ་ནི་ལོ་རྒྱུས་ཀྱི་གལ་གནད་ཅིག་རེད།”ཅེས་འགྲེལ་བརྗོད་བྱས་འདུག

ཉི་ཧོང་གིས་ཀོ་རི་ཡ་དང་རྒྱ་ནག་གཉིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་དབང་བསྒྱུར་བྱས་པ་དང། ཉི་ཧོང་དམག་མིས་ཀོ་རི་ཡ་དང་ཨེ་ཤི་ཡའི་རྒྱལ་ཁབ་གཞན་གྱི་བུད་མེད་མང་པོ་ལུས་འབྲེལ་ཆེད་བྲན་ཡོག་ཏུ་ཉར་པའི་ལོ་རྒྱུས་ཡོད་པས། དེང་སྐབས་ཉི་ཧོང་གིས་ནག་ཉེས་དེར་འགྱོད་བཤགས་དང་ངོས་ལེན་གཙང་མ་བྱེད་ཀྱི་མེད་པས། རྒྱལ་ཁབ་གཉིས་ཀྱི་བར་ལ་རྩོད་རྙོག་གི་གཞི་ཞིག་ཆགས་ཡོད་པ་རེད། དེ་བཞིན་ཉི་ཧོང་དང་རྒྱ་ནག་གཉིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐད་རྩོད་རྙོག་འབྱུང་གི་ཡོད་པ་རེད།

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་ཁར། ཨ་རིའི་གཞུང་གིས་རང་ཉིད་ཀྱི་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་བར། འབྲེལ་ལམ་བཟང་དུ་གཏོང་བའི་སྐུལ་མ་བྱེད་ཀྱི་ཡོད་ཀྱང། དེ་གཉིས་རྒྱ་ནག་དང་མཉམ་དུ་དཔལ་འབྱོར་གྱི་འབྲེལ་བ་མ་བྱེད་ཐབས་མེད་ཡིན་པར་འགྲེལ་བརྗོད་བྱས་འདུག

ཚོགས་འདུའི་སྟེང་རྒྱལ་ཁབ་གསུམ་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་ལས་དང་བེད་སྤྱད་གཏོང་རྒྱུར་བཀག་ཐབས་བྱེད་རྒྱུ་ཡིན་པར་མོས་མཐུན་བྱུང་ཡོད་འདུག

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༦༡ ཀློག་གྲངས།