སྟོང་འཁོར་དགོན་གྱི་བོད་དོན་ལས་འགུལ་བ་ཞིག་རྒྱ་གར་དུ་འབྱོར་འདུག

ཁོང་གིས་དེའི་སྐབས་ཀྱི་ལས་འགུལ་ངོ་སྤྲོད་ཀྱི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་པའི་ནང་འཁོད་དོན། ཕྱི་ལོ་༢༠༠༨ ལོའི་ཕྱི་ཟླ་༤ པའི་ཚེས་༣ ཉིན་གྱི་ཕྱི་དྲོ་སྟོང་འཁོར་དགོན་གྱི་དགེ་འདུན་པས་སྣེ་ཁྲིད་དེ་ས་གནས་རྒྱ་གཞུང་ཚན་པའི་ལས་ཁུངས་ཀྱི་སྒོ་འགྲམ་དུ་སེར་སྐྱ་མི་མང་༧༠༠ ལྷག་མཉམ་འཛོམས་ཀྱིས་ཞི་བའི་ངོ་རྒོལ་བྱེད་སྐབས། ྋརྒྱལ་དབང་བསྟན་འཛིན་རྒྱ་མཚོ་རང་ཡུལ་གངས་ཅན་ཞིང་དུ་མྱུར་དུ་བཞུགས་གདན་འཇགས་དགོས། ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་གཏོང་དགོས་སོགས་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་ཤུགས་ཆེར་བྱེད་སྐབས། རྒྱ་དམར་དྲག་ཆས་ཉེན་རྟོག་པ་དང་དམག་མིས་གང་བྱུང་གིས་མེ་མདའ་སྦག་སྦག་སོགས་མི་ལ་ཁ་གཏད་དེ་བརྒྱབ་རྐྱེན་ཞི་རྒོལ་སྐབས་ས་གནས་དེར་འཛིན་བཟུང་བྱས་པའམ་གནད་དོན་དེའི་རྐྱེན་གྱིས་རིམ་པས་འཛིན་བཟུང་བྱས་པ་མི་གྲངས་༡༢ ཙམ་བཙན་ཁྲིད་ཀྱིས་མི་སྤྱོད་ལས་འདས་པའི་རྡུང་རྡེག་འོག་ལོ་འཁོར་གཅིག་ཙམ་གྱི་རིང་བཙོན་དུ་བཀག་ཉར་བྱས་པ་དང། དུས་བཀག་བཙོན་འཇུག་གིས་ཁྲིམས་ཐག་བཅད་དེ་མུ་མཐུད་བཙོན་དུ་བཀག་ཉར་བྱེད་མུས་ཡིན་པ་སོགས་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་གཞན་དང་གཅིག་མཚུངས་ཡིན། སྟོང་འཁོར་ཁུལ་གཅིག་པུར་དམར་གཞུང་ནས་བཙན་གནོན་ཇི་ལྟར་བྱས་དང་བྱེད་མུས་ཡིན་པའི་སྐོར་རོབ་ཙམ་ཞུས་ན། ཕྱི་ལོ་༢༠༠༨ ལོའི་༣༌༡༠ དུས་དྲན་ནས་བཟུང་མདོ་དབུས་ཁམས་གསུམ་གང་ས་ནས་རྒྱ་དམར་གཞུང་གི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་བསྟན་པ་དང། ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ནས་བཟུང་སྟོང་འཁོར་ཁྱོན་ཡོངས་དང། དགོན་པའི་ཕ་རོལ་གྱི་ཞིང་ཁའི་ནང་དགོན་པ་དང། ཡུལ་མི་སོགས་ལ་སྡིག་ར་བསྐུལ་ཏེ། དགོན་པའི་དགེ་འདུན་པ་ཚོ་སྡོད་བཟོད་མི་བདེ་བ་བཟོས་པ་མ་ཟད། དམག་མི་དེ་དག་ལ་ཁྱིམ་ཚང་རེ་ནས་འཕྲལ་དུ་ཤིང་རྒྱ་མ་བརྒྱ་རེ་འབུལ་དགོས་པའི་བཙན་བཀའ་བཏང་ཡང་མི་ཚང་རེ་གཉིས་ལས་མེ་ཤིང་སྤྲོད་མཁན་བྱུང་མི་འདུག དེ་རྗེས་རྒྱ་གཞུང་གི་ལས་བྱེད་འགའ་ཤས་དགོན་པའི་དབུ་འཛིན་སར་སླེབས་ནས། དགོན་པ་ནས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་ལ་རྒྱབ་སྐྱོར་དང། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་དགོས་པ། མི་རིགས་ཁ་བྲལ་རིང་ལུགས་ཚོ་ལ་ངོ་ལོག་བྱེད་དགོས་པ་སོགས་ཀྱི་ནང་དོན་འཁོད་པའི་ཡིག་ཆའི་སྟེང་ས་རྟགས་འགོད་དགོས་ཚུལ་བཤད་འདུག་ཀྱང། བཙན་བཀའ་ལ་དང་ལེན་མ་བྱས་པ་དང། ལྷག་པར་དུ་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་དུས་ནམ་ཡང་མཚན་སྨད་ཞུ་ཐུབ་པ་མི་འདུག དེ་ལས་སྟོང་འཁོར་ཁུལ་གྱི་སེར་སྐྱ་མི་མང་རྣམས་ཀྱིས་སྲིད་གཞུང་ལ་ངོ་ལོག་ཤུགས་ཆེར་མི་ཡོང་བའི་འབད་བརྩོན་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས་པར། རྒྱ་དཔོན་དེས་ཁྲོ་ཉམས་ཀྱིས་ཁྱོད་ཚོ་ཡར་ལངས་དགོས་ཀྱི་ཡོད། ང་ཚོ་ལ་ཁ་གཏད་དགོས་ཀྱི་ཡོད། ཁྱོད་སྟོང་འཁོར་བ་ཚོ་ཁ་ཤས་བསད་ན་མ་གཏོགས་གླགས་འཁེལ་གྱི་མ་རེད་ཅེས་སོགས་བཤད་ནས་ཕྱིར་ལོག་བྱས་འདུག ཉིན་དེའི་ཕྱི་དྲོར་དགོན་པ་དང་དགོན་པའི་ཉེ་འགྲམ་བཅས་ནས་ཕྱི་ཕྱོགས་སུ་གནས་ཚུལ་མཁོ་སྤྲོད་བྱ་མི་ཐུབ་པ་བཟོས་ཏེ་ནང་གི་ཁ་པར་དང༌། ལག་ཁྱེར་ཁ་པར་སོགས་ཟླ་བ་གཉིས་ཙམ་གྱི་རིང་བེད་སྤྱོད་མེད་པ་བཟོས་སོང༌། ཕྱི་ཚེས་༣ ཉིན་གྱི་ཞོགས་པ་སྟོང་འཁོར་དགོན་དུ་སྔར་ལས་ལྷག་པའི་དྲག་ཆས་དམག་མི་དང་ཉེན་རྟོག་པ་སོགས་རླངས་འཁོར་ཆེ་ཆུང་ཁྱོན་བསྡོམས་༩༨ ཙམ་ནང་དམག་མི་ཚོད་རྩིས་བྱས་ན་༤༠༠༠ ཙམ་འབྱོར་ཏེ་དགོན་པའི་རྒྱབ་རི་དང་མདུན་རི་སོགས་ཕྱོགས་བཞི་མཚམས་བརྒྱད་ནས་མཐའ་སྐོར་གྱི་མེ་མདའ་དགོན་པར་གཏད་ནས་བཞག་པ་དང། རྒྱང་གྲགས་ནས་མི་སུ་ཡིན་རུང་ཕྱིར་ཐོན་ན་མེ་མདའ་རྒྱག་རྐྱང་ཡིན་ཞེས་སྐད་འབོད་ཤུགས་ཆེར་རྒྱག་གིན་འདུག ཆུ་ཚོད་༨ པ་ཙམ་ནས་འགོ་འཛུགས་ཀྱིས་དྲག་ཆས་དམག་མི་ལྔ་དྲུག་རེའི་ལག་ཏུ་མེ་མདའ་དང་གློག་རྒྱུགས་སོགས་ཐོགས་ཏེ་གྲྭ་ཤག་རེ་རེ་བཞིན་བཙན་འཛུལ་གྱིས། ྋགོང་ས་མཆོག་དང༌། སྟོང་འཁོར་ཞབས་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་པར་ཡོད་ཚད་ས་ལ་བརྡབ་ནས་རྡོག་རྫིས་གཏོང་བ་སོགས་བྱེད་སྐབས། རྣམ་འགྱུར་ཡག་པོ་མེད་པར་བསྙད་འདོགས་བྱས་ཏེ་དགེ་འདུན་པ་མང་པོ་ཞིག་ལ་རྡུང་རྡེག་ཚབས་ཆེན་བཏང་འདུག་པ་དང། དགུང་ལོ་༧༥ ལ་སོན་པའི་སྟོང་འཁོར་དགོན་གྱི་དགེ་བཤེས་ཚུལ་ཁྲིམས་བསྟན་འཛིན་མཆོག་དང། མི་སྐྱ་ཚུལ་ཁྲིམས་ཕུན་ཚོགས་གཉིས་འཛིན་བཟུང་གིས་བཙན་ཁྲིད་བྱས་སོང༌། དགོན་པ་ནས་འཕྲོག་བཅོམ་བྱས་པའི་༧གོང་ས་མཆོག་གི་སྐུ་པར་དང། ཞལ་ཐང་སོགས་མེར་བསྲེག་བཏང་སོང་ཞེས་དེའི་སྐབས་མི་འཇུ་བཟུང་བྱས་པ་དང། དམར་གསོད་བཏང་བ་སོགས་རེ་རེ་བཞིན་ངོ་སྤྲོད་དང། རྒྱ་ནག་གིས་དམ་དྲག་བྱས་སྐོར་ཞིབ་ཕྲ་འཁོད་ཡོད་པ་རེད།།

Share this:
༨༥ ཀློག་གྲངས།