མོན་གྷོ་རུ་ཨེ་ཚི་ན་ཚའི་ཉིན་མོ་སྲུང་བརྩི།

ཚོགས་ཐོག་ཏུ་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་ལགས་དང། ས་གནས་འཕྲོད་བསྟེན་འགན་འཛིན་སྤེན་པ་བླ་བྲང་ལགས་སོགས་སྨན་ཞབས་པ་རྣམ་པ་དང། གཞན་ཡང་གྲྭ་ཚང་ཁག་གི་ཕྱག་མཛོད་རྣམ་པ་གཞིས་གྲོང་ཁག་དགུའི་མི་མང་ཉིས་བརྒྱ་ལྷག་ཕེབས་ཡོད་པ་དང། ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་ལགས་ཀྱིས་བོད་གཞུང་འཕྲོད་བསྟེན་བཀའ་བློན་མཆོག་གི་གསུང་འཕྲིན་སྒྲོག་སྦྱངས་དང་སྦྲགས་གསུང་བཤད་གནང་དོན། གཉན་ནད་རེག་དུག་སྔོན་འགོག་བྱེད་ཐབས་ལ་འབད་རྩོན་བྱེད་དགོས་པ་དང་ནད་པ་ཚོས་འཛེམས་ཟོན་མེད་པར་སྨན་པར་བསྟེན་ནས་རང་ཉིད་ཀྱི་ཚེ་སྲོག་ཡུན་དུ་འཚོ་ཐབས་བྱེད་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་སོང། དེ་བཞིན་འཕྲོད་བསྟེན་འགན་འཛིན་སྤེན་པ་བླ་བྲང་ལགས་དང་སྨན་ཞབས་བསྟན་འཛིན་ནོར་བཟང་ལགས་གཉིས་ཀྱིས་རིམ་པས་གཉན་ནད་རེག་དུག་སྐོར་ལ་ལམ་སྟོན་གསུང་བཤད་གནང་སྐབས། གཉན་ནད་རེག་དུག་གི་ཉིན་མོ་འདི་ནི་འཛམ་གླིང་ཡོངས་ཀྱིས་གལ་ཆེན་དོན་ཆེན་ལ་བརྩིས་ནས་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། ནད་དེ་སྔོན་འགོག་བྱེད་རྒྱུ་དང་གལ་སྲིད་ནད་དེ་འགོས་ཚར་བ་ཡིན་ན་སྨན་བཅོས་ཆ་ཚང་བྱེད་ཐབས་མེད་ཀྱང་གང་འཚམས་འཚོ་ཐུབ་ཀྱི་ཡོད་པ་ཡིན་པས། སྨན་པ་བསྟེན་གཏུག་བྱེད་དགོས་པ་རེད་ཅེས་གསུངས་སོང། ས་གནས་བོད་གཞུང་སྨན་རྩིས་ཁང་གི་སྨན་པ་སྐྱིད་འཛོམས་ལགས་ཀྱིས་ཀྱང་གསོ་རིག་གི་དགོངས་དོན་བཞིན་གཉན་ནད་རེག་དུག་སྔོན་འགོག་བྱེད་ཕྱོགས་སྐོར་ལ་ལམ་སྟོན་གནང་སོང༌།། མོན་གྷོ་གསར་འགོད་པས།

Share this:
༢༨ ཀློག་གྲངས།