ཧིན་བོད་བར་གྱི་མཛའ་འབྲེལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༦༨  ཕྱི་ལོ་ ༢༠༡༥/༡༡/༤
ཧིན་བོད་བར་གྱི་མཛའ་འབྲེལ་ནི་མི་ལོ་སྟོང་ཕྲག་མང་པོའི་རིང་རྒྱུན་མ་ཆད་པ་ཞིག་ཡིན་ལ། རྒྱ་དམར་དྲག་པོའི་གཞུང་གི་བོད་ཡུལ་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་བཙན་བྱོལ་བ་རྣམས་ཀྱིས་སྐྱབས་དང་རེ་བ་ཞུ་ཡུལ་རྒྱ་གར་གཞུང་དམངས་གཉིས་གཙོ་བོར་གྱུར་ཡོད། རྒྱ་གར་གཞུང་གིས་རང་ཉིད་ཀྱི་ཆབ་འབངས་མང་པོ་ཞིག་གི་དཔལ་འབྱོར་གྱི་གནས་སྟངས་དང་འཚོ་བའི་ཐད་དུ་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཡོད་བཞིན་དུ་བཙན་བྱོལ་བོད་མི་དང། བོད་མིའི་སྒྲིག་འཛུགས་ལ་རོགས་རམ་དང་མཐུན་འགྱུར་གནང་དང་གནང་བཞིན་པ་ནི། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཚང་མའི་ནང་ནས་དམིགས་བསལ་ཞིག་ཏུ་གྱུར་ཡོད། བཙན་བྱོལ་བོད་མི་རྣམས་ཀྱི་ངོས་ནས་ཀྱང་གནད་དོན་འདིའི་ཐད་ནས་ཤེས་རྟོགས་དང་བསམ་ཤེས་མེད་མཁན་ཞིག་ཕལ་ཆེར་མེད་ཚོད་དུ་གྱུར་ཡོད་ལ། རང་ཉིད་ལ་ཡོངས་སུ་དབང་བའི་ས་ཆ་ལག་མཐིལ་ཙམ་མེད་ཀྱང་རང་དབང་ལུང་པའི་ནང་དུ་ཡོད་ཅེས་མགོ་བོ་དགྱེ་དགྱེ་བྱས་ནས་བཤད་ཐུབ་པ་ཞིག་ཡིན།

ཉེ་ཆར་དྷ་ས་རུུ་རྒྱ་གར་བ་ན་གཞོན་ཀླད་མེད་ཁག་ཅིག་གིས་བོད་མི་ན་གཞོན་ཞིག་རྐྱེན་ལམ་དུ་བཏང་ཡོད་པ་དང། དེ་ལ་བརྟེན་ནས་ཧིན་བོད་གཉིས་ཀའི་གནད་ཡོད་མི་སྣ་ཚོར་སེམས་འཚབ་དང་བློ་ཕམ་ཆེན་པོ་སྐྱེ་ཡོད། ལྷག་པར་དུ་བོད་པའི་ངོས་ནས་འདས་པོ་དེ་ཉིད་ལ་མྱ་ངན་དང་རྗེས་འཇུག་བྱེད་དགོས་པ་འདི་དག་ཚང་མ་གལ་ཆེན་པོ་ཡིན་པ་དང། རྒྱ་གར་ཀླད་མེད་དེ་དག་གི་བྱེད་སྟངས་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་ཞིག་ཏུ་གྱུར་ཡོད་ཀྱང། དེ་ལྟར་བྱེད་མཁན་ནི་ན་གཞོན་བསམ་མེད་དེ་དག་ཡིན་པ་ལས། རྒྱ་གར་མི་མང་སྤྱི་ཡོངས་མིན་པ་མ་ཟད། མེག་ལོར་གྷན་ཇི་གཡས་གཡོན་དུ་སྡོད་མཁན་གྱི་རྒྱ་གར་ཡུལ་མི་ཆ་ཚང་མིན་པས། བོད་པའི་ངོས་ནས་མར་མེའི་ཁྲོམ་སྐོར་སོགས་མུ་མཐུད་བྱེད་དགོས་པ་ཞིག་ཏུ་གྱུར་མེད། ཉེས་ཅན་པ་དེ་དག་ལ་ཁྲིམས་ཐོག་ནས་ཉེས་ཆད་ཡན་པོར་མ་སོང་བ་ཞིག་གཏོང་ཐབས་དགོས་པ་དེ་གལ་ཆེན་པོ་ཡིན་པ་ལས། སྤྱི་ཚོགས་དང་འབྲེལ་བའི་ཐོག་ནས་མར་མེའི་ཁྲོམ་སྐོར་སོགས་མང་དྲགས་ན་ཕུགས་ཕན་དུ་འགྱུར་དཀའ་སྙམ།

དེང་སྐབས་སྤྱི་ཚོགས་དྲ་ལམ་ཁག་ཏུ་མིང་མེད་གནས་ཚུལ་སྤེལ་སྟངས་དང་གློག་བརྙན་དང་འདྲ་པར་རྫུན་མ་སོགས་མི་ལ་སེམས་ཚོར་ཐེབས་ཆེད་གཏོང་བཞིན་པ་འདི་དག་ལ་བརྟེན་ནས། ཧིན་བོད་བར་གྱི་མཛའ་འབྲེལ་ལ་གནོད་སྐྱོན་འགྲོ་མི་རུང་བ་ནི་ཧ་ཅང་གལ་ཆེན་པོར་གྱུར་ཡོད། རྒྱ་དམར་གཞུང་གིས་བཏང་བའི་མི་སྣ་མང་པོ་ཡོད་ཚུལ་བཤད་པ་དེ་དག་བདེན་པ་ཡིན་ན་མར་མེའི་ཁྲོམ་སྐོར་སོགས་ཀྱི་སྐབས་བསམ་ཚུལ་ལས་འདས་པའི་གནད་དོན་བཟོ་སྲིད་པ་དང། དེ་ལ་བརྟེན་ནས་བོད་ཀྱི་རྩ་དོན་ལ་གནོད་སྐྱོན་འགྲོ་བ་མ་ཟད། ༧གོང་ས་མཆོག་གི་བཞུགས་སྒར་དུ་མཚན་ཤས་ཀྱང་ཡོང་སྲིད་པ་རེད། སྤྱི་ཚོགས་དང་འབྲེལ་བའི་ལས་འགུལ་འདི་དག་མུ་མཐུད་སྤེལ་རྒྱུར་གཟབ་ནན་མ་བྱས་ན་སྐབས་འཚོལ་བ་རེ་ཟུང་གིས་བེད་སྤྱོད་ལོག་པར་གཏོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད། རྒྱ་གར་གཞུང་གི་ཉེན་རྟོག་པས་ཉེས་ཅན་པ་དག་ནག་ཉེས་བསགས་པའི་ཕྱི་ཉིན་རང་དུ་འཇུ་བཟུང་བྱས་ཡོད་པས། ཁྲིམས་གཏུག་དང་འབྲེལ་བའི་ཐོག་ནས་བོད་པས་ཀྱང་ཤུགས་རྒྱག་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན།
གནས་ཚུལ་འདི་ལྟ་བུ་ལྷགས་སྐབས་སྤྱི་ཚོགས་ནང་སེམས་ཚོར་ཆེན་པོ་ཡོང་ངེས་པ་ཞིག་རེད་དེ། གཙོ་ཆེ་ཤོས་གནད་དོན་འདིའི་རིགས་གང་ཟག་སྒེར་པ་རེ་ཟུང་གིས་བྱས་པ་ལས་སྤྱི་ཚོགས་ཁྱོན་ཡོངས་ནས་བྱས་མེད་པ་དང། ད་བར་མི་ལོ་དྲུག་ཅུ་ལ་ཉེ་བའི་རིང་རྒྱ་གར་གཞུང་གི་ངོས་ནས་བཙན་བྱོལ་བོད་མི་རྣམས་ལ་རོགས་རམ་བླ་མེད་གནང་ཡོད་པ་དང། དེ་ཡང་ཤེས་ཡོན་གྱི་ཐོག་ནས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་སུ་གཏོགས་པའི་སློབ་གྲྭ་ཁག་གི་འགྲོ་སོང་ཡོང་རྒྱ་གར་གཞུང་གིས་བཏང་དང་གཏོང་བཞིན་ཡོད་པ་དང། ད་ལྟའི་སྲིད་སྐྱོང་ལས་ཐོག་དང་ཚོགས་གཙོ་ལས་ཐོག་གཉིས་ཀྱང་སློབ་གྲྭ་འདིའི་ཁྱབ་ཁོངས་ནས་འཚར་ལོང་བྱུང་བ་ཞིག་ཏུ་གྱུར་ཡོད། དེ་དང་དེས་མཚོན་པའི་གནད་ཡོད་མི་སྣ་མང་པོ་ཞིག་གསོ་སྐྱོང་བྱས་ཡོད་པ་མ་ཟད། ཝར་ན་མཐོ་སློབ་དང། བོད་ཀྱི་དཔེ་མཛོད་ཁང་སོགས་ཀྱི་འགྲོ་གྲོན་ཡང་རྒྱ་གར་གཞུང་ངོས་ནས་གཏོང་གི་ཡོད་ལ། གཞན་ཡང་རྒྱ་གར་གཞུང་གི་མངོན་གསལ་དང་མངོན་གསལ་མ་ཡིན་པའི་རྒྱབ་སྐྱོར་དེ་དག་ནི་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་གཞན་སུ་གཅིག་དང་བསྡུར་ཐབས་མེད།

མདོར་ན་བོད་པའི་གཞིས་ཆགས་ཁག་ལ་ས་ཆ་མཁོ་སྤྲོད་དང་མཐུན་འགྱུར་གནང་དང་གནང་བཞིན་ཡོད་ལ། ཆབ་སྲིད་ཀྱི་ཐོག་ནས་ཀྱང་མང་གཙོ་ཀ་བ་གསུམ་ལྡན་གྱི་བཙན་བྱོལ་བོད་གཞུང་བཙུགས་ནས་ཆེ་ཆུང་ལ་མ་ལྟོས་པར་ལས་དོན་ཆ་ཚང་ཞིག་འགྲོ་བཞིན་པ་དང། གཞུང་འབྲེལ་བ་མ་ཡིན་པའི་ཚོགས་པ་ཁག་གི་ངོས་ནས་ཀྱང་རང་རང་གི་ཆབ་སྲིད་ལངས་ཕྱོགས་དང་ལྟ་བ་རེ་ཁུར་ནས་འགྲོ་ཆོག་པ་འདི་ལྟ་བུ་ཞིག ཨ་རིས་གཙོས་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་གང་དུའང་དཀའ་ལས་ཁག་པོ་རེད། དེར་བརྟེན་རྒྱ་གར་གཞུང་གིས་བོད་པར་རོགས་རམ་གནང་བ་ནི་ཁྱབ་བསྒྲགས་དང་མཚོན་དོན། ངོམ་སོ་ཙམ་གྱི་ཆེད་དུ་མ་ཡིན་པར། ཡུན་རིང་མཛའ་འབྲེལ་གྱི་རོགས་རམ་ཞིག་དང། དོམ་དམ་པ་ཁ་ཞེ་གཉིས་མེད་ཀྱི་རོགས་རམ་ཞིག་ཏུ་གྱུར་ཡོད་པ་འདི་ཡང་སེམས་ལ་ངེས་དགོས་པ་ཧ་ཅང་གལ་ཆེ། དེར་བརྟེན་ད་ལན་དྷ་སར་བྱུང་བའི་གནས་ཚུལ་ཡིད་སྐྱོ་དགོས་པ་དེ་འདྲ་མ་འོངས་པར་མི་ཡོང་བའི་ཆེད་དུ་ཐབས་ཤེས་བྱེད་དགོས་པ་དེ་ཧིན་བོད་གཉིས་ཀའི་ངོས་ནས་གལ་ཆེན་ཡིན་ཡང། ཐབས་ལམ་ནོར་མི་རུང་བ་ནི་དེ་བས་ཀྱང་གལ་ཆེ་སྙམ།།

Share this:
༣༤ ཀློག་གྲངས།