དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་བཞི་པ།

lojdsaཟླ་འདིའི་ཚེས་༥ དགོང་མོ་དྷ་ས་བོད་གཞུང་ཟློས་གར་ཁང་དུ་དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་བཞི་པ་དེ་འགོ་འཛུགས་ཀྱི་མཛད་སྒོ་འཚོགས་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་སྲིད་སྐྱོང་བློ་བཟང་སེང་གེས་དབུས་བཀའ་བློན་ཁག་ཅིག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དབུས་སྤྱི་འཐུས་ཁག་ཅིག རྒྱ་གར་གྱི་དཔོན་རིགས་ཁག་ཅིག་དང་གློག་བརྙན་བཟོ་སྐྲུན་པ་ཁག་ཅིག་ཕེབས་ཡོད་པ་རེད།

གློག་བརྙན་དུས་སྟོན་དེ་བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་དང་། ཁོང་གི་བཟའ་ཟླ་རི་ཏོ་ས་རིན་གཉིས་ཡིན་པ་དང་། དེའི་སྐབས་རྒྱ་གར་གྱི་གློག་བརྙན་དང་དེ་མིན་གྱི་ཕྱི་རྒྱལ་བའི་གློག་བརྙན། བོད་པའི་བཟོས་པའི་གློག་བརྙན་དང་བོད་དོན་དང་འབྲེལ་བའི་གློག་བརྙན་བཅས་ཕྱི་ཟླ་༡༡ ཚེས་༨ བར་སྟོན་གྱི་ཡོད་པ་རེད།

tenzin sonamབསྟན་འཛིན་བསོད་ནམས་ཀྱིས་གློག་བརྙན་དུས་སྟོན་ཐེངས་བཞི་པ་བྱེད་བཞིན་པའི་སྐབས་ཀྱི་མྱོང་ཚོར་གསུང་དོན། “ཐོག་མར་གློག་བརྙན་དུས་སྟོན་དེ་འགོ་འཛུགས་སྐབས། ག་འདྲ་ཡོང་གི་ཡོད་མེད་སྐོར་ལ་མཉམ་མྱོང་ཡོད་པ་མ་རེད། ལོ་རེ་བཞིན་སོང་དུས་ཁྱབ་བསྒྲགས་ཤིག་ཆེན་པོ་སོང་བ་དང་། གློག་བརྙན་བཟོ་མཁན་ཚོས་ཀྱང་ཚུར་འབྲེལ་བ་བྱས་ནས། ང་ཚོར་ལས་སླ་པོ་ཆགས་འདུག དེ་བཞིན་གོ་སྒྲིག་བྱེད་སྟངས་ཀྱང་ལས་སླ་རུ་སོང་ནས། ཡར་རྒྱས་ཡོང་གི་འདུག རྒྱ་གར་གྱི་གློག་བརྙན་བཟོ་མཁན་སྐད་གྲགས་ཆེན་ཚོ་དང་གློག་བརྙན་དེ་ཚོར་རྒྱ་གར་དྷ་སར་གདན་འདྲེན་ཞུ་རྒྱུ་ལས་སླ་རུ་སོང་འདུག་”ཅེས་འགྲེལ་བརྗོད་གནང་སོང་།

བསྟན་འཛིན་བསོད་ནམས་ཀྱིས་གློག་བརྙན་དུས་སྟོན་དེ་དྷ་སར་གོ་སྒྲིག་བྱེད་དགོས་དོན་སྐོར་འགྲེལ་བརྗོད་གནང་དོན། “ངའི་བཟའ་ཟླ་ངེད་གཉིས་ཀྱིས་ཐོག་མར་འགོ་འཛུགས་སྐབས། ཚོང་ལས་དེ་འདྲ་མ་ཡིན་པའི་རང་དབང་གློག་བརྙན་མང་པོ་ཞིག་དྷ་སར་སྟོན་ཐུབ་ན། འདིར་སྡོད་མཁན་ཡུལ་མི་དང་འབྲེལ་བ་ཡོང་རྒྱུར་ཕན་ཐོགས་དང་། བསམ་བློ་ཡར་རྒྱས་ཡོང་ཐབས། དེ་བཞིན་བོད་པ་གློག་བརྙན་བཟོ་མཁན་ཚོར་གློག་བརྙན་བཟོ་ཕྱོགས་ལ་ཕན་ཐོགས་ཡོང་རྒྱུར་རེ་བ་བྱས་པ་རེད་”ཅེས་གསུངས་སོང་།

ཐེངས་འདིར་གློག་བརྙན་རིང་ཐུང་ཁག་སུམ་བཅུ་ལྷག་སྟོན་གྱི་ཡོད་པ་དང་། དེའི་ནང་བོད་དོན་དང་འབྲེལ་བའི་གློག་བརྙན་བཞི་ཙམ་ཡོད་འདུག ཉི་ཧོང་བ་གློག་བརྙན་བཟོ་མཁན་ཞིག་གིས་བཟོས་པའི་<<རླུང་རྟ>> ཞེས་པའི་བོད་ནང་གི་རང་ལུས་སྲེག་གི་ལས་འགུལ་སྐོར་ལ་དངོས་བྱུང་གློག་བརྙན་ཞིག་དང་། ཧྥ་རན་སིར་གནས་སྡོད་རྒྱ་རིགས་ཤིག་གིས་བཟོས་པའི་<<མཆོད་མེ>> སོགས་སྟོན་རྒྱུ་ཡིན་པ་རེད།།http://diff.co.in/
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།

Share this:
༦༣ ཀློག་གྲངས།