རྒྱབ་སྐྱོར་ལས་ཆིག་སྒྲིལ་གཙོ་ཆེ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༦༩  ཕྱི་ལོ་ ༢༠༡༥/༡༡/༡༡  

དེང་སྐབས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བོད་དོན་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་དགོས་པའི་རེ་བ་དང་དམིགས་ཡུལ་གཅིག་མཚུངས་སུ་ཡོད་ལ། ལངས་ཕྱོགས་དང་ཐབས་ལམ་ལ་གཞིག་པའི་ལས་དོན་བྱེད་སྟངས་ཀྱང་མི་འདྲ་བ་མང་པོ་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་རག་པར་རྒྱ་དམར་གཞུང་དང་མཉམ་དུ་སྡོད་རྒྱུ་ཁོ་ན་ལས་གཞན་རྒྱབ་སྐྱོར་རག་མི་སྲིད་པའི་འགྲེལ་བཤད་རྒྱག་གི་ཡོད་ལ། ཅིག་བྱས་ན་སེམས་གཏིང་ནས་ཀྱང་དེ་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད་སྲིད། ད་བར་དཔེར་ན་ཨ་རིས་གཙོས་རྒྱལ་ཁབ་ཁག་ཅིག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པའི་འགྲེལ་བཤད་རྒྱག་གི་ཡོད་ལ། རྒྱལ་ཁབ་དེ་དག་གི་ངོས་ནས་དོན་དངོས་ཐོག་ད་ལྟའི་ཆར་དེ་ལྟ་བུ་ལས་རྒྱབ་སྐྱོར་གཞན་བྱེད་ཐབས་མེད་པ་ལྟ་བུ་ཡིན། དཔེར་ན་དོ་བདག་ལ་ག་རེ་དགོས་ཀྱི་ཡོད་ཅེས་བརྗོད་པ་དེ་ལས་ལྷག་ཅིག་ཁྱེད་ལ་སྤྲོད་ཅེས་ཁག་པོ་རེད་ལ། ལྷག་པར་དུ་བོད་རྒྱའི་ཆབ་སྲིད་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་སྟངས་གཞན་དེ་བས་ཀྱང་ཁག་པོ་རེད།

གཙོ་ཆེ་ཤོས་བོད་པའི་ངོས་ནས་ག་རེ་རྩོད་བཞིན་ཡོད་པ་དེ་ལ་རྒྱབ་སྐྱོར་བྱེད་ཐུབ་མིན་གྱི་ཐོག་ལ་རྒྱལ་ཁབ་སོ་སོའི་ཁེ་ཕན་དང་འབྲེལ་བའི་ཐོག་ནས་བལྟ་དགོས་པ་དང། ད་ལྟའི་ཆར་རྒྱ་ནག་དེ་ཁྲོམ་ར་ཆེ་ཤོས་དང་དཔལ་འབྱོར་འཕེལ་རྒྱས་ཧ་ཅང་མྱུར་བའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་རྒྱལ་ཁབ་མང་པོས་རྒྱ་དམར་གཞུང་ལ་བསྟུན་མཁས་དགོས་པའི་གནད་དོན་མང་པོ་ཡོད་པ་སྨྲོས་མེད་ཡིན། གལ་སྲིད་རྒྱལ་ཁབ་གང་ཞིག་གིས་བོད་རང་བཙན་སླར་གསོ་ལ་རྒྱབ་སྐྱོར་བྱེད་རྒྱུའི་བསམ་བློ་གཏོང་བཞིན་ཡོད་པའི་དབང་དུ་བཏང་ནའང། བོད་མིའི་སྒྲིག་འཛུགས་ཀྱི་ད་ལྟའི་དགོས་འདུན་དང་རེ་བ་དེ་གཏན་ནས་མིན་པས། དེ་ལྟ་བུའི་རྒྱབ་སྐྱོར་བྱེད་བདེ་མེད་པ་ནི་བསམ་ཤེས་མི་ཐུབ་པ་ཞིག་གང་ཡང་མ་རེད། གལ་སྲིད་བྱས་པའི་དབང་དུ་བཏང་ན་རྒྱ་དམར་གཞུང་གིས་ནང་སྲིད་ལ་ཆེད་དུ་ཐེ་གཏོགས་དང་རྒྱལ་ཁབ་ཁ་བྲལ་བྱེད་མཁན་ཡིན་པར་ངོས་འཛིན་བྱེད་པ་ཙམ་དུ་མ་ཟད། བོད་པས་མི་རྩོད་པའི་གནད་དོན་ཞིག་ལ་རྒྱལ་ཁབ་གཞན་ཞིག་ནས་རྒྱབ་སྐྱོར་བྱེད་མི་སྲིད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད།

བོད་རང་བཙན་སླར་གསོ་བྱེད་ཐུབ་ན་ཁེ་ཕན་ཆེན་པོ་ཡོད་པའི་རྒྱབ་ཁབ་མང་པོ་ཡོད་པ་དང། ལྷག་པར་དུ་རྒྱ་གར་ལ་མཚོན་ན་བོད་ལ་རང་བཙན་སླར་གསོ་བྱེད་ཐུབ་པ་བྱུང་ཚེ། ས་མཚམས་ཀྱི་རྩོད་རྙོག་མེད་པས་སྲུང་དམག་མང་པོ་དེ་འདྲ་གཏོང་མི་དགོས་པ་སོགས་ཁེ་ཕན་ཆེན་པོ་ཡོད་ངེས་རེད། འོན་ཀྱང་ཐོག་མ་བོད་པ་བཙན་བྱོལ་དུ་འབྱོར་བའི་སྐབས་སུ་བོད་པའི་ངོས་ནས་འཚོ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་ཙམ་ལས། རང་བཙན་སླར་གསོ་བྱ་རྒྱུའི་རེ་བ་དང་གོ་སྐབས་མཐོང་དཀའ་ཞིང། བཙན་བྱོལ་བོད་པའི་ངོས་ནས་རང་བཙན་སླར་གསོའི་ལངས་ཕྱོགས་ཡོད་ནའང། དེ་ལ་རྒྱ་གར་གཞུང་གི་ངོས་ནས་དེ་ཙམ་རིན་ཐང་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་ཁག་པོ་རེད། འོན་ཀྱང་སྐབས་དེ་དུས་བོད་པས་རང་བཙན་སླར་གསོའི་ལས་འགུལ་སྤེལ་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ངོས་འཛིན་གྱི་གྲོས་ཆོད་སྔ་རྗེས་འཇོག་ཐུབ་པ་བྱུང་ཡོད་ལ། ཨ་རིའི་སྲིད་གཞུང་གི་ངོས་ནས་ཀྱང་གློ་རུ་ཡོད་པའི་དྲག་པོའི་སྒྲིག་འཛུགས་ལ་མཐུན་འགྱུར་སྦྱར་བ་སོགས་རྒྱབ་སྐྱོར་མང་པོ་བྱུང་མྱོང།
བཙན་བྱོལ་བོད་པའི་ནང་ནས་སློབ་སྦྱོང་ཡོད་མཁན་ཐོན་པ་དང། སྐད་ཡིག་ཤེས་མཁན་མང་པོ་ཡོད་པ་མ་ཟད། འཚོ་བའི་གནས་སྟངས་ཐོག་ནས་དཀའ་ངལ་མེད་པ་ཆགས་པའི་རྗེས་སུ་རྩ་དོན་འཐབ་རྩོད་བྱེད་པའི་དམིགས་ཡུལ་དང་ལངས་ཕྱོགས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རྒྱ་གར་གཞུང་གི་ངོས་ནས་བོད་རང་བཙན་དེ་རྒྱ་གར་གྱི་བདེ་འཇགས་ཡིན་པ་ཤེས་ཀྱང། དེང་སྐབས་དེའི་ཐོག་ལ་རེ་བ་རྒྱག་ཡུལ་གང་ཡང་མེད་པ་ཆགས་ཟིན་དུས། བོད་པས་མ་བཤད་པ་ཞིག་རྒྱ་གར་གྱིས་བཤད་མི་སྲིད་པ་ཞིག་རེད། དེ་བཞིན་རྒྱ་ནག་གི་ཕྱོགས་ནས་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་དང། རྒྱལ་སྤྱིའི་སྟེང་དུ་ཤུགས་རྐྱེན་ཆེན་པོ་འགྲོ་བཞིན་པའི་སྐབས་ཡིན། དེར་བརྟེན་ད་ལྟའི་ཆར་བོད་པ་ལ་མཁོ་བའི་དཔལ་འབྱོར་ཡར་རྒྱས་དང། ནང་སེམས་ཀྱི་བདེ་སྐྱིད་ཀྱང་རྒྱ་དམར་གཞུང་གི་འོག་ཏུ་བསྡད་ན་མ་གཏོགས་རག་མི་སྲིད་པར་ངོས་འཛིན་བྱེད་བཞིན་ཡོད་པ་འདི་ནི། ཅིག་བྱས་ན་ཐབས་ཤེས་མེད་པའི་ཐབས་ཤེས་ཤིག་ཡིན་སྲིད་པ་རེད།

མདོར་བསྡུས་ན་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོད་མེད་དེ་ཕྱོགས་ངོས་གཅིག་ཙམ་ཡིན་པ་དང། དེ་ལ་བརྟེན་ནས་བོད་དོན་ཐག་གཅོད་བྱེད་ཐུབ་ཐབས་གཏན་ནས་མེད། བོད་དོན་ཐག་གཅོད་བྱེད་ཐུབ་དང་མི་ཐུབ་དེ་བོད་པ་རང་ཉིད་ཀྱི་ངོས་ནས་དམིགས་ཡུལ་དང་སེམས་ཤུགས་ཡོད་མེད་ཁོ་ན་ལ་རག་ལས་ཡོད། གང་ལྟར་བོད་པའི་ངོས་ནས་སེམས་ཤུགས་དང་གཅིག་སྒྲིལ་གྱི་ནུས་པ་འཐོར་ཞིག་ཏུ་གྱུར་སོང་ན། རང་བཙན་སླར་གསོའི་རེ་བ་མེད་པ་སྨྲོས་མི་དགོས་པ་མ་ཟད། མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཙམ་ཡང་རག་མི་སྲིད་པ་ཞིག་རེད། ཕྱིའི་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཁོ་ན་ལ་རེ་བ་བརྒྱབ་ནས་མ་བསྡད་པར། བོད་པ་རང་ངོས་ནས་ལངས་ཕྱོགས་མཐུན་མིན་དང། དད་པ་ཡོད་མེད་ལ་མ་ལྟོས་པར་ཚང་མའི་ནུས་པ་འཐབ་རྩོད་ཁོ་ནའི་ཐོག་ལ་གཅིག་ཏུ་སྤུངས་ཐུབ་ན་རེ་བ་ཆེན་པོ་རྒྱག་ཆོག་པ་ལས། ཕྱིའི་དགྲ་ལ་ཁ་གཏད་གཅོག་མ་ཐུབ་པར་ནང་ཁུལ་ཁོ་ནར་ཁ་གཏད་ནས་བསྡད་ན་འཐབ་རྩོད་ཀྱི་ནུས་པ་གང་ཡང་མེད་པ་ཞིག་ཏུ་འགྱུར་ངེས་རེད།།

Share this:
༡༣༤ ཀློག་གྲངས།